བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།
རབ་དཀར་ཁ་བའི་རྡུལ་མང་བརྩེགས་པའི།།
སྲིད་པའི་གངས་རི་ཡར་ལྷ་ཤམ་པོ།།
བརྗིད་པའི་དབུ་འཕང་དགུང་དུ་བཏེགས་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
དྭངས་བསིལ་བདུད་རྩིའི་ཟེགས་མ་འཕྱོ་བའི།།
ཡར་མོ་ཀླུང་གི་ཤམ་པོའི་ཆུ་བོ།།
སྔོ་མེར་རླབས་ཀྱི་འཛུམ་རིས་དགོད་དེ།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
སྣ་བརྒྱའི་མེ་ཏོག་འདབ་བརྒྱ་བཞད་པའི།།
ཡར་ཀླུང་སྟོད་ཀྱི་སྤང་ཐང་ཡངས་མོ།།
སེར་མདོག་སྟོན་གྱི་ལྭ་བ་དོར་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
བསིལ་སྦྱིན་དུང་གི་ཟླ་བ་གསལ་བའི།།
ཡར་ཀླུང་སྟོན་གྱི་མཚན་མོའི་ནམ་མཁའ།།
དགུ་ཚིགས་དོ་ཤལ་མགུལ་བར་བཏགས་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
བཟང་དྲུག་སྨན་གྱི་བྱིན་རླབས་ལྡན་པའི།།
ལྷ་ཡི་ཆབ་རོམ་ཡར་ཀླུང་གཙང་པོ།།
རླབས་སྒྲའི་འཁར་རྔ་ཤུགས་ཀྱིས་བརྡུངས་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
རླུང་རྟའི་དར་ལྕེ་གཙུག་ན་བརྒྱན་པའི།།
གྲགས་ཅན་གནས་རི་མགོན་པོ་རི་ཡིས།།
དགྲ་འགོག་ཕྱག་གི་གཡབ་མོ་བསྐོར་ཏེ།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
གྲོ་ནས་སྲན་མའི་སྙེ་རླབས་འཕྱུར་བའི།།
ཞིང་ལ་སྔ་བ་སྦར་རས་གཤིན་ས།།
སད་སེར་བདུད་ཀྱི་ནམ་ཟླ་བརྒལ་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
དད་གདུང་ཉི་མའི་མཆོད་སྤྲིན་འབར་བའི།།
མཁར་གྱི་དང་པོ་ཡུམ་བུ་བླ་སྒང༌།།
གྲགས་པའི་བ་དན་མཁའ་ལ་གཡོས་ཏེ།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
གཡང་གཟར་བྲག་རིའི་རྩེ་མཐོར་འགྱིངས་པའི།།
ཨོ་རྒྱན་སྣང་མཐའི་ཤེལ་གྱི་བྲག་ཕུག།
སྨུག་སྤྲིན་འཚུབ་མའི་དཀྱིལ་འཁོར་གཤགས་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
མཐོང་གྲོལ་ཡིད་ཀྱི་གདུང་བ་སེལ་བའི།།
བྱིན་ཅན་ཁྲ་འབྲུག་སྒྲོལ་མ་ལྷ་ཁང༌།།
གསེར་མདོག་རྒྱ་ཕིབས་ཉི་མར་གཏད་དེ།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
གདོང་དམར་བུ་ཚའི་གསོན་རྩ་སྦྲུམ་པའི།།
རྩེད་ཐང་ཤར་གྱི་སྤྲེའུའི་བྲག་ཕུག།
གདོད་མའི་ཁ་དོག་དོང་དུ་སྦས་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
གཡུ་མདོག་སྨིན་མའི་དཔེ་བྱད་མངའ་བའི།།
པུར་རྒྱལ་ཡབ་མེས་གཉའ་ཁྲི་བཙན་པོ།།
རྨུ་ཐག་གནམ་གྱི་དབྱིངས་རིམ་ཁྲོད་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
ཤེལ་དཀར་གངས་རིའི་འདབས་ན་ཆགས་པའི།།
གནའ་བོའི་གྲོང་ཐེམ་བཙན་ཐང་སྒོ་བཞི།།
རྡུལ་སྒྲིབ་སྐྱ་མོའི་ལོ་རྒྱུས་བསྐྱུར་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
རིན་བྲལ་ལོ་ཚིགས་གསེར་དུ་བྲིས་པའི།།
ཡར་ཀླུང་ཇོ་བོའི་ཆོས་འབྱུང་མཚར་བོ།།
རང་དབང་གཙང་མའི་སྒྲུབ་བྱེད་ཁུར་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
ངོ་མཚར་ཡུལ་གྱི་སྙན་པ་འཕུར་བའི།།
ལྷོ་རྒྱུད་འཛིན་མའི་ཡར་མོ་ཀླུང་ཐང༌།།
དུས་ཀྱི་འཁྱག་རླུང་རྩུབ་མོའི་གསེབ་ནས།།
བུ་ངའི་ཕྱོགས་ལ་ལན་གཅིག་གཟིགས་དང༌།།
རྩོམ་ཁུངས། ངེད་དྲ་བ།