བསྟོད་ཚིག་ཁུ་བྱུག་དགོད་པའི་གྲེ་འགྱུར།
འཛམ་གླིང་ས་མཐོའི་རལ་བའི་ཅོད་པན་དུ། །
བརྒྱན་པའི་གངས་ཅན་ས་ལའི་སྨན་གྱི་ལྗོངས། །
བརྟན་གཡོ་གང་གིས་ཡིད་ནི་རབ་འཕྲོག་པས། །
སུ་ཞིག་སྒྱུ་འཕྲུལ་གར་གྱིས་སྒེག་པ་འདྲ ། །
མ་གྱུར་འགྲོ་བའི་དོན་ལ་རབ་དགོངས་ནས། །
མ་བྲིས་ཡུལ་ལྗོངས་ལེགས་བྲིས་ཡུལ་གྱི་གྲོང་། །
མ་རུང་བདུད་སྲིན་ཆོ་འཕྲུལ་གར་བཟློགས་པས། །
མ་མཆོག་སྲིད་པའི་རྒྱལ་མོར་གུས་ཕྱག་བརྩེགས། །
མཚར་མཚར་འཕགས་པའི་ཞིང་གི་མེ་ལོང་ངོར། །
དུང་དུང་ལྔ་རིག་པད་མའི་ཟློས་གར་བསྒྱུར ། །
གསལ་གསལ་ལང་ཚོ་སྟོང་གིས་དགའ་ནས་ནི། །
མྱུར་མྱུར་ལྡེམ་པའི་ལྗགས་ཀྱིས་རབ་ཏུ་བསྟོད། །
རྣམ་རྟོག་ཡིད་ཀྱི་འཕྲོ་འདིར་ལེགས་གསུངས་པའི། །
རྣམ་མང་རྨད་བྱུང་ཆོས་ཀྱི་འཁོར་ལོ་མཛེས ། །
རྣམ་དཔྱོད་གློག་འོད་འཁྱུག་འདི་དམུ་དབང་སྲས། །
རྣམ་པར་དག་པས་མི་མངོན་དབྱིངས་སུ་གཤེགས། །
གདུལ་བྱའི་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །
ཀུན་བཟང་གཤེན་ལྷས་བྱིན་རླབས་གནས་ཀྱི་མཆོག །
མཆོག་གསུམ་རྗེས་སུ་འཛིན་པའི་ཆོལ་གསུམ་འདི ། །
འདི་ཕྱི་ཐར་ལ་སྨོན་བྲེལ་སྙེགས་འདིར་ལྟོས ། །
ཟླུམ་གཟུགས་ནོར་འཛིན་སྒེག་མོའི་དཀྱིལ་འཁོར་གྱི། །
སྔོན་བྱོན་པན་གྲུབ་གཙུག་ནོར་རྒྱན་དུ་ཆེ ། །
ཡངས་བའི་གསེར་ལྡན་གཏམ་གྱི ་སོར་རྩེ ་ན ། །
ཕྱོགས་ཀྱི་བུ་མོའི་དྲི་ཟའི་གླིང་བུ་འབུད ། །
མདོ་སྔགས་ཆོས་ཀྱི་གཞུང་ལ་མངའ་བརྙེས་པའི ། །
ཀུན་མཁྱེན་གྲུབ་དབང་སྨྲ་བའི་འཁོར་བསྒྱུར་ཚོགས། །
མཛད་འཕྲིན་དཔག་བསམ་སྡོང་བོའི་ལེགས་ཚོགས་བཞིན། །
གངས་ལྗོངས་སྣོད་ཀྱི་གཞོང་བར་ལྟེམ་ལྟེམ་ལྟེམ ། །
ས་གསུམ་སྲིད་པའི་ཁྱོན་ན་སྙན་ལྡིར ་བའི ། །
གང་གིས་གསར་མཛད་སྔར་མེད་ཡི་གེའི་གཏེར ། །
སྲུང་བར་བྱེད་པ་ཐུགས་ཀྱི་ཁོངས་ན་འཛུམ ། །
འཛུམ་པའི་མདངས་ཀྱིས་ལུགས་གཉིས་རྒྱན་དུ་ཆེ། །
ལྟེམ་ལྟེམ་མར་ཁུ་འཁྱིལ་འདྲའི་རིག་གཞུང་ལ ། །
མཛེས་མཛེས་བཅུ་ཕྲག་མེ་ཏོག་གང་བུ་འཛུམ ། །
སྙན་སྙན་རྐང་དྲུག་བུང་བའི་མགྲིན་གླུ་ལས ། །
འཚེར་འཚེར་དུས་རབས་གསར་བའི་འོད་སྣང་བསུས། །
རྩོམ་ཁུངས། ངེད་དྲ་བ།