ཁྱོད་མ་སད་པའི་སྔ་རོལ་དུ།
__________ཆུང་མར་ཕུལ་བ།
ཁྱོད་མ་སད་པའི་སྔ་རོལ་དུ མཚོ་མོ་རྒྱལ
ང་ཐག་རིང་ཐག་རིང་ཞིག་ལ་ཆས་འོས
ཐག་རིང་ན གངས་རི་དང་གཙང་ཆུ་
རྩྭ་ཐང་དང་སྦྲ་གུར
མར་དང་རྩམ་པ ལུག་ཁྱུ
ང་ཆེས་དགའ་བའི་འོ་ཇ་མངར་མོ་སོགས་མེད་རུང་
ཁྱོད་མ་སད་པའི་སྔ་རོལ་དུ
ངས་ཁྱོད་ཀྱི་མཆུ་སྒྲོས་དམར་བོར མིག་ཟུང་ཟུམ་ནས
ཞིམ་ལ་སྐྱུར་བའི་མཐའ་མཇུག་གི་འོ་ཞིག་བསྐྱུར་རྗེས
ང་དངོས་གནས་ཐག་རིང་ཐག་རིང་ཞིག་ལ་ཆས་འོས
ཨ ང་འདི་ལྟར་བྲེལ་མྱུར་གྱིས་གྱེས་མི་འོས
ངའི་རྒྱབ་ཕྱོགས་ན འདར་སིག་སིག་གི་གངས་རི་ལུས་ཡོད
ངའི་རྒྱབ་ཕྱོགས་ན དབེན་ཐིང་ཐིང་གི་གཙང་བོ་དང་
ངའི་གཉིད་དུ་ཡུར་བའི་ལྷ་མོ་ཁྱོད་ལུས་ཡོད
འདས་ཟིན་པའི་ལོ་ཟླའི་ནང་ ཁྱོད་ཚོས
རང་ཉིད་ཀྱི་རྔུལ་ཁྲག་བཙིར་ནས
ང་ལ་དྲོད་འཇམ་གྱི་དུས་ཡུན་རིང་བོ་ཞིག
ཕངས་མེད་དུ་བྱིན་མྱོང་ནའང་ ཁྲེལ་མེད་ངས
ཁྱོད་ཚོའི་རེ་བཞག་གི་མཁའ་དབྱིངས་ནས ད་ལྟའི་བར་དུ
ལྡེམ་མྱུར་གྱི་གཤོག་འགྱུར་ཐེངས་ཤིག་ཀྱང་བརྒྱབ་མྱོང་མེད
ཁྱོད་མ་སད་པའི་སྔ་རོལ་དུ མཚོ་མོ་རྒྱལ
ང་ཐག་རིང་ཐག་རིང་ཞིག་ལ་ཆས་འོས
ཐག་རིང་ན ལབ་ཙེ་དང་མཆོད་རྟེན
དར་ལྕོག་དང་རྡེའུ་འབུམ
འབྲོང་དང་བྱ་རྒོད འབྲི་གཡག
ང་ཆེས་དགའ་བའི་རི་གླུ་སྙན་མོ་སོགས་མེད་རུང
ཁྱོད་མ་སད་པའི་སྔ་རོལ་དུ
ངས་མིག་ཟུང་མཆི་མས་བརླན་བཞིན
གནས་འདི་ཡི་ཡོད་ཚད་ལ་ཕྱི་མིག་ཐེངས་ཤིག་འཕངས་རྗེས
ང་དངོས་གནས་ཐག་རིང་ཐག་རིང་ཞིག་ལ་ཆས་འོས
ཡང་ན་ འདི་ནི་ནོར་འཁྲུལ་གྱི་བདམས་གསེས་ཐེངས་ཤིག་ཡིན་ཀྱང་སྲིད
ཡང་ན་ འདི་ནི་འུ་ཐུག་གི་བྲོས་བྱོལ་ཐེངས་ཤིག་ཡིན་ཀྱང་སྲིད
རེ་སྒུག་ཁྲི་ཕྲག་གི་ཡང་རྩེ་ནས ཁྱོད་ཚོས
རེ་ཞིག་ང་ལ་སྒུག་རོགས་མཛོད་དང་ ངས
ང་ཚོའི་བྲང་གཞུང་གི་སྡེར་ཤུལ་རེ་རེ་སྙིང་ལ་བཅངས་ནས
ངས་ང་ཚོའི་ཕམ་ཉེས་ཀྱི་ལྷག་མ་རེ་རེ་རྒྱབ་ལ་འཁུར་ནས
ཐག་རིང་ལ་འགྲོ་དགོས་རུང་
ལྷན་འཛོམས་ཐེངས་ཤིག་སླད་དུ
ཁྱོད་ཚོས རེ་སྒུག་ཁྲི་ཕྲག་གི་ཡང་རྩེ་ནས
རེ་ཞིག་ང་ལ་སྒུག་རོགས་མཛོད་དང
ང་ཟླ་བ་བཞིན་ནུབ་རྗེས
ང་ཉི་མ་བཞིན་ཅིས་ཀྱང་འཆར་འོང་སྲིད
རྩོམ་ཁུངས། ངེད་དྲ་བ།