ལྗོངས་རྒྱུའི་མྱོང་ཚོར།
རྣལ་འབྱོར་དཔའ་བོ་ཡི་ཞབས་ཀྱིས་བཅགས་ཤིང་།།
བྱིན་རླབས་བདུད་རྩི་ཡི་གསང་གཏོར་འགྲེམས་པའི།།
འཚེ་མེད་གཡེང་མེད་ཀྱི་གནས་མཆོག་འདི་ཡིས།།
ཡུལ་འཁྱར་མགྲོན་པོ་ངའི་སེམས་པ་བརྐུས་སོང་།།
བསིལ་བསིལ་སྨུག་སྤྲིན་གྱི་གཤོག་སྒྲོ་བརྐྱངས་ནས།།
འཇམ་འཇམ་སྦྲང་ཆར་གྱི་ཁ་ཆུ་ཟགས་དུས།།
མདངས་མཛེས་དབང་གཞི་ལ་མིག་ཟུང་ཤོར་བའི།།
བདག་ཡིད་གཤོག་ཐོགས་དེ་ལྷ་ཡུལ་ཐོན་སྙམ།།
རྩི་ཤིང་མེ་ཏོག་གི་ངམ་ཁ་འཕྱུར་བའི།།
སྔོ་ལྗང་གཡུ་ལོ་ཡི་སྤང་ཐང་ངོས་སུ།།
རི་སྐྱེས་ཤྭ་རྐྱང་གིས་རྩེད་བྲོ་འཁྲབ་དུས།།
སྤྲོ་བའི་དགུན་ཆང་གིས་སེམས་པ་བཟི་འགྲོ།།
ན་བུན་ཕང་ཕུང་གི་ལ་ཐོད་འཆིང་བའི།།
དཀན་གཟར་རི་བྲག་གི་གདགས་སྲིབ་བར་ནས།།
རྫ་བྱ་གོང་མོ་ཡིས་གྲེ་འགྱུར་འཐེན་དུས།།
སྐྱོ་བ་དུངས་དུངས་ཤིག་ཡིད་ལ་འཐིབ་ཡོང་།།
གཡུ་ཞུན་དྭངས་མ་ཡི་ལང་ཚོ་འཛིན་པའི།།
མཚོ་མོ་ལྟེམས་ལྟེམས་ཀྱི་རླབས་ཕྲེང་ངོགས་ནས།།
གཉིས་སྐྱེས་ངང་ངུར་གྱིས་གཤོག་འགྱུར་འཕེན་པ།།
སྣ་ཚོགས་གཟུགས་འཛིན་གྱི་དཔྱིད་དུ་འཐིམ་སོང་།།
སྔོ་ལྗང་ལོ་མ་ཡི་ཁུར་བུ་ཐོགས་པའི།།
ཐང་ཤིང་སྔོན་མོ་ཡི་ལྕུག་ཕྲན་སྟེང་ནས།།
འདབ་ཆགས་བྱེའུ་ཆུང་གིས་མགྲིན་གླུ་བླངས་བ།།
རྒྱང་བཞུད་བུ་ལོ་ངའི་སེམས་གསོར་གྱུར་སོང་།།
མཚམས་སྤྲིན་སར་བ་ཡི་ཤམ་བུ་བཀླུབས་པའི།།
ནུབ་ཁའི་རི་བོ་ཡི་ཕྲག་གོང་དེ་ནས།།
ཉི་འོད་གཉོམ་པོ་ཡིས་གྱེས་ཕྱག་ཕུལ་དུས།།
སྐྱོ་བ་སིབ་སིབ་ཅིག་སྙིང་ལ་འཁྱིལ་ཡོང་།།
སང་ཞོགས་ཉི་ཐིག་གིས་རི་རྩེར་འཁྱུད་དུས།།
རྣམ་དག་སྨོན་པ་ཡི་དབྱངས་རྟ་འཐེན་བཞིན།།
རྒྱང་བཞུད་མགྲོན་པོ་ངའི་རྡོག་མགོའི་ལོ་མ།།
ངེས་མེད་ས་ཕྱོགས་ན་ཤར་གྱིས་གཡུག་དགོས།།
དུས་ཀྱི་གཙང་བོ་དེ་མདུན་དུ་བཞུར་བས།།
ས་མཐའི་བུ་ཆུང་ང་འགྲོ་དགོས་བྱུང་ཡང་།།
རི་ཆུའི་མཛེས་ཉམས་ཀྱི་དཔལ་དང་འགྲོགས་ནས།།
མི་བརྗེད་དྲན་རྟེན་གྱི་འདྲ་པར་བརྒྱབ་ཡོད།།
མི་ཚེའི་ཕྲེང་རྡོག་དེ་འཐོར་བ་མེད་ཀྱང་།།
ལུས་ཀྱི་འདབ་ལོ་འདི་རྙིང་བ་མེད་ན།།
མཐའ་མེད་རྒྱལ་ཁམས་ན་ཉུལ་བའི་སྤྲང་པོ།།
བྱིན་ཆགས་གནས་རི་འདིར་ཡང་གཅིག་བསླེབ་འདོད།།
རྩོམ་ཁུངས། ངེད་དྲ་བ།