ཐོལ་བྱུང༌།
ནམ་མཁའ་ནི་སྔོ་ཞིང་དྭངས
སྐར་མདའ་ཡལ་བའི་ཆག་སྒྲ་ཞིག་གིས་མཁའ་དབྱིངས་བཀང
སྲང་ལམ་ན་གློག་སྒྲོན་དཀར་དམར་གྱིས་ཁེངས
ང་ཡིས་རང་ཉིད་དགའ་སའི་བུ་མོ་ཞིག་བཙལ
ལྷད་མ་འདྲེས་པའི་འཛུམ་མདངས་གྱེར་ཤེས་པའི
ཡང་ན་མདོག་དང་ཁ་དོག་མ་ཡལ་བའི་བུ་མོ་ཞིག་གནས་གང་དུ་ཡོད
ཕ་ཡུལ་ནི་སྤང་ལྗོངས་ཀྱི་གྲོང་གསེབ་ཅིག་གམ
ཡང་ན་རྩྭ་རྐང་ལ་འབྱར་བའི་ཟིལ་བ་ཆུང་ཆུང་དག
ཕྱེ་ལེབ་ཅིག་རྩྭ་ཐང་གི་མཚན་མོ་ལ་སླེབས་བྱུང
མར་མེ་རྐང་གཅིག་གི་འོད་ཟེར་ལ་སྙེགས་ཀྱིན་མཚན་མོ་འདིར་སླེབས་བྱུང
སྒོ་ཁྱིས་ད་དུང་ངལ་གསོ་བྱས་མི་འདུག
ཟླ་འོད་འོག་གི་གྲིབ་མ་མ་ཡིན་པའི་གྲིབ་མ་དག་ལ་ཟུག་སྒྲ་འདོན་ལ
ངུ་མི་ཤེས་པའི་ལུག་ཁྱུ་ཞིག་གི་ལྷས་ར་ཡང་བསྲུང་ཡོད
འདི་ནི་ཆེས་ལྷིང་འཇགས་ཀྱི་གནས་མལ་ཤིག་ཡིན་ནམ
ཡང་ན་བདག་གི་ཐང་ཆད་པར་སྤྱོད་ཆོག་པའི་རོལ་དབྱངས་ཤིག་ཡིན
མི་ནི་སྐྱག་པ་གཏོང་ཤེས་པའི་འཕྲུས་ཆས་རིགས་ཤིག་གམ
རང་བྱུང་ཁམས་ཟ་བའི་སྡུག་སྲིན་སྣ་ནག་མ་ཞིག
ང་ལ་མི་ཞེས་མི་འབོད་རོགས
ང་ཡི་སྙིང་ཉེ་བའི་ནམ་གུང་གི་སྤྱང་ཀི་དང་རི་བོང་བློ་ལྡན
ཡང་ན་སེམས་པ་གཉོར་མི་ཤེས་པའི་བདག་གི་སྙན་ངག་པ
སྤྲིན་པ་ལེབ་མོ་དེ་ཆར་བ་མ་བབས་པའི་སྔོན་ལ་ནམ་མཁར་ཐོན་འདུག
ཤོག་བུས་ལས་པའི་ནམ་གྲུ་ཞིག་ཀྱང་གླག་རྒོད་དང་མཉམ་དུ་འཕུར་གྱིན་འདུག
ཁྱོད་ཀྱིས་ཁྲག་གིས་མ་བརླན་པའི་དབུ་སྐྲ་རྨས་མ་ཞིག་རླུང་ལ་སྤུར
ང་ཡིས་གྱོན་པའི་སྟོད་གོས་དཀར་པོ་འདི་ཡང་རྔུལ་ཆུས་བརླན་བྱུང
ལག་པ་ཟུང་སུ་ཞིག་གི་ཕྲག་པར་བཞག་ནས་ཁྱོད་ལ་ངང་སྒུག་བྱེད་དམ
ཞོགས་པའི་ཉི་ཟེར་ཁོ་ན་ལ་རེ་ཞིང་རྨི་ལམ་སྐྱིད་པོ་རེ་རྨིས
མེ་ལོང་གི་མདུད་ནས་ངས་རང་ཉིད་ལ་བལྟས
ཡང་ན་རང་ཉིད་གཅིག་པུ་གླུ་ཚིག་ཅིག་ཏུ་བྲིས
དེ་ནི་བྱ་ཁུ་ལོ་ཚང་ཚང་ནགས་ནས་གྲགས་ཚུལ་དེ་མ་ཡིན་ལ
གར་སྟེགས་ཤིག་ནས་ཚོད་ཚོད་ལ་མིག་ཆུ་ལྷུང་ཚུལ་ཡང་མ་ཡིན
མཚོ་ཡི་ཐང་བཀབ་པའི་ཁ་དོག་སྔོན་པོ
མགོ་བོ་ཡར་དགྱེས་ནས་རིག་པའི་གནམ་གཤིས་དྭངས་མོ
ཆུ་སྲིན་མ་འགུལ་བའི་ཉ་མོ་ཞིག་གི་གཤོག་པ་ལྡེབ་ཙམ
འབྲུག་སྒྲ་མེད་པའི་རྔ་བརྡུངས་པའི་མཁར་གྱང་ནང་གི་བྲག་ཅ
མ་ཎི་རང་བྱོན་ནི་ང་ཚོ་དང་གྱེས་པར་ཁ་ཐག་ཅི་ཙམ་ཞིག
ལོ་ཏོག་གི་ཁུ་བ་གདུས་གདུས་ནས
ད་ལྟའི་མངར་སྐྱུར་ལན་ཚྭའི་རོ་དྲུག་ལྡན
ཤིང་ལོ་གྱོན་ནས་ཞབས་བྲོ་ལྡང་ཚུལ་བསམ་ན
ང་ཡིས་ཆུ་ཧུབ་གང་ཐང་ལ་བླུགས་པ་ཡང
པོ་ཏ་ལའི་གདུང་མ་ཞིག་ལ་སྟ་རེས་གཡུག་ཚུལ་ཡིན་ནམ
ཡང་མིན་ན་མེ་རི་དེ་གར་མས་འཁྲབ་དགོས་པའི་ལེ་ཚན་ཐུང་གྲས
ཆུང་མ་མེད་པའི་མི་རྐྱང་ཁེར་ཀྱང
གློག་འོད་མེད་པའི་མུན་ནག་མཚན་ནག
བདག་གི་རྐང་བ་གཉིས་ཆུ་ཁ་ན་འགྲོ་བའི་མཚོ་གྲུ་ཆུང་ཆུང
བདག་གི་མིག་ཟུང་ནི་ཁྱོད་ལ་ལྟ་བའི་འུག་པའི་སྤྱན་ཟུང་དེ་གཉིས
ད་དུང་མེ་འབར་བ་ནི་འོ་ཇ་སྐོལ་ཚུལ
འདབ་མ་ཞིག་དལ་དལ་ལྷོད་ལྷོད་ངང་འཕུར་སོང
མེ་ཏོག་ཅིག་དལ་དལ་ལྷོད་ལྷོད་ངང་བུད་འགྲོ
ང་ཡིས་ཕྱིར་བལྟས་ཤིག་བྱེད་དོན་ནི་འདབ་མ་དང་མེ་ཏོག་ཆེད་དུ་མ་ཡིན་པར
སང་ལོ་ད་དུང་བཞད་དགོས་པ་དེ་དག་གི་ཆེད་དུ
མིག་ལམ་ན་འཕུར་འགྲོ་བ་ནི་སྟོན་དུས་ཤིག་གི་ཁུར་མོང་གི་འཚང་ཁ
ཁ་འདི་ཁྲག་འཐུང་བྱེད་དང་ཤ་ཟ་བྱེད
དཔྱིད་ཀ་འདི་ཀི་འདེབས་དགོས་པའི་ལ་གཞས་ཁོ་ན
ང་ལ་ཕ་རོལ་ཕ་རོལ་གྱི་སེམས་པ་དེའི་དམར་མདངས
ཁྱོད་ལ་རྒྱང་རིང་རྒྱང་རིང་དེའི་རྐང་གླིང་གི་ཁ་བརྡ
གཟེབ་ནང་ན་ཟེའུ་འབྲུ་ལེན་ཤེས་པའི་མི་ནི་དུ་ཡོད
ཁོ་ཚོ་ཟམ་པ་དེའི་སྟེང་ནས་ཕྱིར་ཕ་ཡུལ་ལ་སླེབས་བྱུང
ཁྱོད་ཚོ་རྐང་ལམ་དེའི་ནང་ནས་ཕར་གངས་རི་ལ་བརྒལ་སོང
ཆུ་ཆེན་པོ་ཞིག་རྒྱ་མཚོའི་ནང་ལྷུང་སོང
རླུང་ཡང་མོ་ཞིག་མིད་པ་དེས་བརྔུབས་སོང
ངས་ནི་ལྭ་བ་ཞིག་གྱོན་མེད་པར་སྒོ་འགྲམ་ནས་ལངས
ང་ལ་མིག་ཤེལ་དེ་མེད་པར་དྲ་མ་ནས་ལྟ་དགོས་བྱུང
ས་གཞི་ནི་རྩྭ་སྐྱེ་སྲིད་པའི་ཤོག་བུ་སྔོན་པོ
སྨྱུ་གུ་འགུལ་མ་ཤེས་པའི་རི་མོའི་འབག་བཙོག་གི་ཐིག་རིས
རླབས་ཕྲེང་གི་འགུམ་སྟངས་རེ་རེ་ང་དང་ཉེ་བར་གཅེར་དུས
རི་ལུང་འདི་ཡང་མྱ་ངམ་ཐང་གི་ངོ་གདོང་ཅིག་དང་འདྲ་བར
རྒས་གཉེར་གྱི་བྲིས་པའི་ཁྱོད་ཀྱི་ལོ་ཚོད་དེ་སུ་ལ་གསང
༢༠༠༩ལོའི་ཟླ༦པའི་ཚེས༡༧མཚན་མོར་གཙོས་ནས།
རྩོམ་ཁུངས། ངེད་དྲ་བ།