དེ་རིང་ནི་ཆར་བ་འབབ་ཐེངས་དང་པོ་རེད།
ནམ་མཁའི་བུ་སྣོད་ལས་དཔྱངས་པའི་བྱིས་པ
གཅེར་རྗེན་དུ་རང་གི་མལ་ས་ཉུལ
མདོག་མི་གསལ་བའི་རས་གཞི
ཁེང་ཆར་འདྲེས་མའི་བརྙན་ཡོལ་དུ་འཕོས
ཁ་བར་འོ་དྲི་འཁྱིལ་བའི་རྩལ་སྦྱོང་ཐང
སྐོར་བྲོ་ཐེངས་དང་པོར་འཁྲབ་པའི་ལྡེམ་ཤུགས
རླུང་ཆེན་གྱི་འདབས་ཀར་འཁྱུད་པའི་ཁུར་མོང་བགྲེས་པོ
ཨར་འདམ་བཙོས་པའི་ཁུ་ནག
གོམ་འགྲོས་མེར་འབར་བའི་ན་ཆུང་མའི་སྐྲ་ལོའི་མདངས
རྡོ་བ་བཞུས་རྗེས་སྡོང་རྒན་གྱི་རྩེ་མོར་འཁྲིལ་བའི་ཐག་འཁྱུད
གླང་ཆེན་དང་དོམ་ཁྲ་ཁུར་བའི་གནམ་གྲུར་བསྡད
ཆར་བ་ཐེངས་དང་པོར་བབས
ཆུ་མིག་དགུ་མདུད་སྦྲུལ་ལྟར་ནུར་བའི་རྩྭ་གསེབ
རྡེའུ་ཟེགས་འཕྱུར་ས་འདི་ཁེང་ཆེན་འབབ་ས རླུང་ཆེན་ལྡང་ས
རང་གི་མེ་ཏོག་ལ་དོ་སྣང་མེད་པའི་བུ་མོ
ཁྲག རྔུལ་ཆུ་བཞུར་སའི་འབོལ་གདན་གྲུ་བཞི
སུས་ཀྱང་ཞྭ་ལྟར་གྱོན་པའི་སྟོང་བའི་དབྱིངས་རིམ
རྣ་རྒྱན་འཛུམ་པའི་ཅང་ཤེས་རྒོད་པོ
འོད་ཀྱི་བྲང་ཁར་ཉལ་བའི་ཟླ་བ་ནག་པོ
བྲག་རྡོས་དཀྲུགས་པའི་ཀ་ཏོ་ར་ཕྱེད་ཀ
ལྕང་གསེང་གི་རལ་བར་བྱུགས་པའི་ཁུ་བྱུག་གི་གཤོག་པར་འཐམས
ཆར་བ་འབབ་ཐེངས་དང་པོ
ཤ་ཁུས་སྒོ་ཁྱི་གསོས་པའི་ལོ་དང་པོ
ཁམས་པའི་སྒོར་གཞས་ཀྱི་ཟླ་བ་དང་པོ
རྣ་ལུང་གི་ཉི་མ་དང་པོ
དཀར་ནག་འདྲེས་སྦྱོར་གྱི་དུས་ཚོད་དང་པོ
ལང་ཚོའི་རྔམ་ཟིལ་གྱི་སྐར་མ་དང་པོ
རོལ་རྩེད་ཀྱི་སྐར་ཆ་དང་པོ
༢༠༡༠ལོའི་ཟླ༣པའི་ཚེས་༢༣ཉིན་རྨེའུ་རུ་མའི་སློབ་ཆུང་དུ་བྲིས།
རྩོམ་ཁུངས། ངེད་དྲ་བ།