མཚོ་ཆུང་ཡིད་བཞིན་ནོར་བུ།
དེ་རིང༌།
ང་ཁྱེད་ཀྱི་འགྲམ་ངོགས་ནས་འགྲེངས་ཏེ།
ཕྱོགས་བཞི་མཚམས་བརྒྱད་ལ་རྒྱང་བལྟ་བྱེད་དུས།
སྐྱ་ཐིང་ཐིང་གི་ཁོར་ཡུག་ཅིག་ལས་ངས་ཅི་ཡང་མཐོང་མ་ཐུབ།
སྔོན་ཆད་སྔོན་ཆད་ཀྱི།
འབྲོག་སྡེ་ཕྱུག་མོ་དེ་ད་ལྟ་གང་དུ་ཆས་སོང་ངམ།
རྒྱལ་ཁབ་དྲིན་ཆེན་པོས།
རྡུལ་ཕྲན་མཚོན་ཆ་ལས་པའི་ཕྱིར།
འབྲོག་ཁྱིམ་ཆིག་སྟོང་བདུན་བརྒྱ་ལྷག་གིས།
རུ་བཀལ་ཞིང༌། ཕྱུགས་དེད་ནས།
ཐག་རིང་ཐག་རིང་དུ་སོང་ཤུལ་ནས།
ཁྱེད་རང་སུ་ཞིག་གི་མིག་ཆུ་རུ་འཁྱིལ་ནས་གནས་འདིར་ལུས་སོང་ངམ།
མཚོ་ཆུང་ཡིད་བཞིན་ནོར་བུ།
དེ་རིང༌། བདག་ཁྱེད་དང་ཁ་གཏད་དུ་འགྲེངས་དུས།
ངས་མེས་པོ་དྲན་པའི་གདུང་བ་དེ་ཡང་མིག་ཆུ་རུ་གྲུབ་ནས།
ཁྱེད་ཀྱི་སྙིང་ཁོང་དུ་སིམ་སོང༌།
དེ་ལྟར་ན།
ཁྱེད་ནི་སྙན་ངག་པ་གྲངས་མེད་ཅིག་གི
སྐྱོ་གདུང་གི་མིག་ཆུས་གྲུབ་པའི།
མཚོ་ཆུང་ཡིད་བཞིན་ནོར་བུ་མ་ཡིན་ནམ།
2009.11.29ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།