ཞོགས་པའི་དུས་སུ།
ནམ་མཁའ་དང་སྐྱ་རེངས་ཀྱི་གཞི་དེར།
སྐར་ཚོགས་ནི་ཚོན་མདོག་མེད་པའི།
མིག་ཟུང་གྲངས་མེད་དང་འདྲ་བར།
སྤྲིན་པ་ཞིག་གི་རྐང་རྗེས་ལས་ཡལ།
སྡོང་ལོ་ལ་རླུང་བུ་འཁྲིལ་ནས་ལྡིང་སྐབས།
ཆུ་ཐིགས་ཀྱིས། འོད་ལམ་ལམ་དུ།
འཚེར་བར་མི་བྱེད། རེ་རེ་བཞིན་ས་ལ་ཟགས།
སྔོ་ལྗང་ལྗང་གི་ངོས་སུ། མེ་ཏོག་ནི།
ལྷ་མོ་ལྟར་སྦྲང་བུའི་རྨི་ལམ་དུ་ལྡེམ་ཞིང༌།
མི་ཡང་རང་ཉིད་ཀྱི་བྲེལ་འཚུབ་ཅིག་གིས་བསླུས་པས།
ཞོགས་པའི་དུས། ཐག་རིང་གི་རྨིག་སྒྲ་ཧ་ཅང་གསལ་ལ།
ཞོགས་པའི་དུས། དུས་རབས་ཀྱི་འཕར་རྩ་ཤིན་ཏུ་བདེ།།
རྩོམ་ཁུངས། ངེད་དྲ་བ།