བརྩེ་བ་དམར་པོའི་དྲོད་ཁོལ།
སྨིན་ཐང་བུ་མོ་གླེང་བས་ཁག་ལྔ་བ།
སྲིད་པའི་ཕུན་ཚོགས་རྫ་ཁའི་ཟིལ་དང་མཚུངས།།
འདུས་པའི་གཉེན་གྲོགས་དབྱར་གྱི་མཛེས་དང་འདྲ།།
བསམ་བཞིན་སྐྱོ་བའི་སྨུག་སྤྲིན་ལང་ལོང་འཐིབ།།
ཡིན་ཡང་ཁྱེད་རང་དྲན་པའི་གདུང་བ་ཟབ།།
བུ་མོ་ཁྱེད་དང་བུ་ཆུང་བདག་གི་བར།།
རི་ཆུ་སྟོང་གི་བར་ཐག་བཅད་འདུག་མོད།།
ཡིན་ཡང་བརྩེ་བ་དམར་པོའི་དྲོད་ཁོལ་འདི།།
འཇིག་རྟེན་འདི་ན་ཆོད་པའི་ཆོས་ཤིག་མེད།།
མི་ཚེའི་བྱང་ཐང་རིང་མོའི་ཁུག་པ་ན།།
སྐྱོ་སྡུག་ཡིད་ཀྱི་ན་བུན་ལང་ལོང་འཁྲིགས།།
ཡིན་ཡང་བདག་གི་སེམས་ཀྱི་དམར་ཆུང་མ།།
དེ་ལ་སྐྱོ་བ་མ་སྐྱེ་འཁོར་བའི་གཤིས།།
ལས་དབང་གནམ་གྱི་རྒྱལ་མོས་བཀོད་སྒྲིག་གིས།།
ཁྱེད་དང་ང་གཉིས་སྐྱེ་ས་མི་གཅིག་ཀྱང༌།།
དུངས་སེམས་ལྷ་དར་དཀར་པོ་ཡུག་གཅིག་གིས།།
ང་དང་ཁྱེད་ཀྱི་སེམས་པ་གཅིག་ཏུ་བསྲེས།།
བརྡ་འཕྲིན་སྐུད་པའི་བར་ནས་ཉིན་རེ་རེར།།
སྙིང་གཏམ་སྙིང་ལ་ཟུག་པའི་སྙིང་གི་གྲོགས།།
དུངས་སེམས་འོ་མ་མཚོན་པའི་གསང་གཏམ་དེ།།
ཁྱོད་ལ་བཤད་པའི་དགའ་བ་མཚོན་ནུས་མིན།།
རྩོམ་ཁུངས། ངེད་དྲ་བ།