ས་ཆེན་ཡམ་ཡོམ་དུ་འགུལ་བའི་ཡུལ་ཤུལ།
ཆེམ་ཆེམ་གཡོ་བའི་ས་ཆེན་དེས།།
ཡུལ་ཤུལ་མྱ་ངམ་ཐང་དུ་འཕེན།།
ཕ་མ་མེད་པའི་དྭ་ཕྲུག་དག།
སྐྱོ་སྡུག་མཆི་མའི་ཀློང་དུ་སྐྱེལ།།
ཁང་ཁྱིམ་མེད་པའི་ཐང་སྟོང་ནས།།
ཕྱི་རུ་གྲང་རེག་ངར་མས་གཙེས།།
ནང་དུ་ལྟོགས་སྐོམ་མུ་གེས་མནར།།
ཀྱེ་མ་ཀྱེ་ཧུད་དཀོན་མཆོག་མཁྱེན།།
འུར་འུར་ལྡང་བའི་ས་ཆེན་ཁྱོད།།
ཡམ་ཡོམ་འགུལ་བའི་ས་ཆེན་ཁྱོད།།
ལྡེམ་འཁྲུག་མང་པའི་ས་ཆེན་ཁྱོད།།
དོན་དམ་ཁྱོད་ལ་ཅི་ཞིག་བྱུང༌།།
ཕ་མ་མེད་པའི་དྭ་ཕྲུག་མཐོང་ཚེ།།
ང་ཡིས་མིག་ཆུ་གཙང་བོར་འདྲེས།།
ཆུང་མ་འཆི་བའི་ཁྱོ་ག་རིག་ན།།
ང་ཡི་སྙིང་ཆུང་གས་ལ་ཁད།།
ས་ཆེན་ཁྲག་གིས་སྦགས་པ་མཐོང་ན།།
འཇིགས་སྐྲག་སྐྱེས་ནས་འཁུན་སྒྲ་ཤོར།།
ཕ་ཡུལ་འདི་ལྟར་སྟོང་བར་གྱུར་ཚེ།།
སྐྱོ་སྡུག་མཆི་མ་རྒྱ་མཚོར་བསྐྱིལ།།
ཁ་སང་འདྲིས་པའི་གྲོགས་པོ་དེ་ནི།།
དེ་རིང་མུན་ནག་ཕྱི་མ་འགྲིམས་སོང༌།།
འཆི་བདག་བདུད་པོ་ཁ་བཙན་ཆེ་བས།
ས་ཆེན་དེ་ལ་རྒྱུ་འབྲས་མི་འདུག།
མཁའ་ལ་འཕུར་བའི་བྱ་རྒོད་དེས།།
ཤ་ཁྲག་མཐོང་ནས་ཡི་ག་ཆད།།
ས་ལ་རྒྱུ་བའི་སྤྱང་མོ་དེས།།
ཤ་ཁྲག་མཐོང་ན་ཞེན་པ་ལོག།
ས་ཆེན་ཁྱེད་ཀྱིས་ནག་ཉེས་བཟོས།།
འགྲོ་བ་མི་ཡི་བདེ་སྐྱིད་འཕྲོག།
ས་ཆེན་ཁྱོད་ཀྱི་འགུལ་སྟངས་དེས།།
ཚེ་སྲོག་གྲངས་མེད་ཁྱུར་མིད་བྱས།།
མགོན་པོ་འོད་དཔག་མེད་པ་མཁྱེན།།
བྱང་སེམས་སྤྱན་རིས་གཟིགས་དབང་མཁྱེན།།
ཚེ་ལས་འདས་པའི་གཤིན་པོ་རྣམས།།
བདེ་ཆེན་ཐར་བའི་ལམ་དུ་དྲོངས།།
བྱམས་སེམས་ཅན་གྱི་སྤྱན་རས་གཟིགས།།
ཕ་ཡུལ་ཕྱོགས་ལ་ཕེབས་པར་ཞུ།།
ལ་རྒྱ་ཅན་གྱི་ཆོལ་ཁ་གསུམ།།
སྤུན་ཟླའི་སྐྱིད་སྡུག་མཉམ་ཁུར་དགོས།།
འཚེ་མེད་སྨྲ་བའི་གྲྭ་རྐྱང་ཚོས།།
འཕོ་བ་སྨོན་ལམ་འདེབས་བཞིན་འདུག།
དཔལ་འབྱོར་ཅན་གྱི་ཕྱུག་པོ་ཚོས།།
སྦྱིན་པའི་ཕྱག་ཟུང་རྐྱོང་གིན་འདུག
རྩོམ་ཁུངས། ངེད་དྲ་བ།