རང་ཉིད་ལ་ར་སྐོར་བརྒྱབ་པ།
འབད་འབད་པའི་ཐ་མ།
བརྒྱུགས་བརྒྱུགས་པའི་ཐ་མ།
ངའི་ལག་ཏུ་བྱ་བ་ཐོན་སོང་།
ངའི་ལག་ཏུ་ཆུང་མ་རེག་སོང་།
ད་ནི། ངས་རང་ཉིད་ལ་ར་སྐོར་ཞིག་ཀྱང་རྒྱག་ཐུབ་སོང་།
ར་སྐོར་འདི་ནི་ངས་རང་ཉིད་ལ་བརྒྱབ་པ་ཡིན།
རླངས་འཁོར་གྱི་ལྡེ་མིག་ཨ་མའི་ལག་ན་ཡོད།
ཟླ་ཕོགས་ཀྱི་དངུལ་བྱང་ཆུང་མའི་ལག་ན་ཡོད།
སྙན་ངག་གི་སྨྱུག་ཁ་དཔོན་པོའི་ལག་ན་ཡོད།
ད་ནི་རང་སེམས་བདེ་ལ་འབབ་ཐུབ་སོང་།
མི་རྣམས་ཀྱིས་མི་ཚེ་ཞིག་ལ།
འབད་འབད་པའི་དམིགས་ཡུལ་ནི།
རང་ཉིད་ལ་ར་སྐོར་ཞིག་རྒྱག་རྒྱུ་དེའོ། །
2010. 6. 3
རྩོམ་ཁུངས། ངེད་དྲ་བ།