རོལ་དབྱངས་ཤིག་གི་བཞུར་རྒྱུན།
༡
རོལ་དབྱངས་ཤིག་དལ་གྱིས་བཞུར་འོང་དུས
ངས་བློ་རྡེག་ཏུ་ལ་དྭགས་དྲན་ཞིང
ཁང་པའི་སྒེའུ་ཁུང་ལས་ནམ་མཁར་ལྟ་བཞིན
དུ་བ་རྔམ་འཐེན་བྱས་བའི་ཁོ་མོ་ཤུགས་ཀྱིས་དྲན་བྱུང
༢
“ངས་ད་བར་དུ་ནམ་མཁའ་ནས་སྐར་ཚོགས་འདི་འདྲ་མང་པོ་མཐོང་མྱོང་མེད”
ཁང་བརྩེགས་ཀྱི་སྒེའུ་ཁུང་ལས་རྐང་པ་ཟུང་ཕྱི་རུ་བརྐྱངས་ཏེ
དུ་བ་ཤུགས་ཀྱིས་འཐེན་ཀྱང་སེམས་ཀྱི་དམར་དམར་པོ་དེ་ད་དུང་བརྗོད་མ་ནུས་པ་ངས་ལོས་ཤེས
“སྐར་གྲངས་དུང་ཕྱུར་བརྒྱད་དང་དྲུག་འབུམ་ཡོད་པ་རེད་ཅེས་སངས་རྒྱས་ཀྱིས་གསུངས་ཡོད་ནི་རེད”ཅེས་པ་ནི་ཅི་འདྲའི་དགོས་བྲོ་བའི་རྩེད་འཚར་ཞིག་མིན་ཡང
བརྩེ་བ་ཞིག་གི་མགོ་འཛུགས་ས་ཡིན་པ་ནི་སྐབས་དེའི་ང་དང་ཁྱེད་ལ་ཧ་ཅང་གསལ་པོ་ཡིན
རང་རང་གི་གང་ཤེས་ཀྱིས་སྐར་ཚོགས་ལ་འགྲེལ་བཤད་རེ་བརྒྱབས་མཐར
སེམས་པ་ཟུང་ཡང་སྐར་ཚོགས་བཞིན་ནམ
ཡང་ན་ཟླ་གཟུགས་ཇི་བཞིན་དུ་དྭངས་ཤིང་བསིལ་བའི་ཚོར་བས་ཁྱེར་སོང་ངོ
༣
ངེད་གཉིས་ཀྱིས་གཅིག་གཅིག་པང་བའི་ལོ་ཟླ་ནི་དགའ་སྐྱིད་ཀྱི་སྐར་ཆ་གཅིག་རང་གཅིག་ལ་འདས་ཟིན
༤
དུས་ཚོད་ནི་ཡོད་ཚད་ཐག་གཅོད་བྱེད་པའི་རྒྱལ་པོའམ་གཤེད་མ་དེ་ཁོ་ནའོ
༥
བློ་རྡེག་ཏུ་གྱེས་པ་ནི་རྣོ་དཔལ་གྱི་སྟ་རེ་ཞིག་གིས་རྩ་རྐང་གཅིག་དུམ་བུར་གཏུབས་པ་དང་འདྲ་བྱུང་ཨང
༦
ཁོ་མོའི་མིག་ཆུ་ནི་ཐེངས་མང་མཐོང་མྱོང་ཡང
ཐེངས་འདིའི་ནག་ཉེས་དེ་ཟད་ཐབས་བྲལ་བ་ཞིག་ལོས་ཡིན་ཏེ
ཁོ་མོའི་སྙིང་གི་ཕྱེད་ཀ་ས་ལ་གཡུགས་སོང་བ་ངས་སེམས་ཀྱིས་ཤེས་ཡོད
ཀྱེ་ཧུད--------
དགོངས་དག་ཞུ་ཡ དགོངས་དག་ཞུ
ངས་བསམ་བཞིན་དུ་ཁྱོད་ཀྱི་སེམས་པ་དུམ་བུར་བྱས་ཤིང་
ཁྱོད་ང་ལས་རྒྱང་རིང་དུ་སྤྱུགས་སོང་བས
དགོངས་དག་ཞུ
འོན་ཏེ དེ་རིང་ད་དུང་ཡང
ཁྱོད་ཀྱི་རྩོམ་ཡིག་གི་བརྗོད་བྱ་རེ་རེའི་ཟ་དང་ཟུར་ན་ང་མངོན་གྱིས་འགྱངས་ཡོད་པ་མཐོང་བྱུང་བས
ཁྱོད་ཀྱི་རི་མོའི་མཚོན་དོན་དང་ཚོན་དམངས་ལས་ཀྱང་ང་ཁད་ཀྱིས་མངོན་འདུག་པ་རིག་བྱུང་བས
ངས་རྒྱང་རིང་ནས་ཁྱོད་ཤིན་ཏུ་དྲན་ཞིང་དམ་དུ་པང་ན་འདོད་ཡ
༧
སྔོན་ཆད་ཅིག་ལ
ངས་ཁྱོད་ཀྱི་རི་མོ་དག་ནི
"སྒྱུ་རྩལ་མིན་པར་ཡག་རྩལ་ཁོ་ན་རེད་"ཅེས་དམོད་མྱོང་ཡང
དེ་རིང་ངས་གཞི་ནས་ཁྱོད་ཀྱི་ཐུན་མིན་སྒྱུ་རྩལ་དེ་མཐོང་བྱུང་བས
སེམས་ནས་དགའ་ཞིང་ཡིད་ཀྱིས་བཀུར་བཞིན་ཡོད་ལགས་ཀ་ཡེ་མ
རྩོམ་ཁུངས། ངེད་དྲ་བ།