དགའ་ལོ་མ་ངས་ཁ་རོག་གེར་ཁྱེད་རང་སྒུག་ནས་ཡོད།
ས་སྲོད་ནས་རྨི་ལམ་བར་དུ ངས་དུས་ཚོད་དང་ལང་ཚོ་སྔོན་དུ་སྒྲེང་སྟེ
ཁྱེད་ཀྱི་སྙིང་ཉེ་བའི་གོམ་སྒྲ་ལ་སྒུག་ནས་ཡོད
ཨ་རག་གི་བཟི་ཁའི་ཁྲོད་ནས ཐ་མག་གིས་བསླུ་བྲིད་འོག་ནས
ངས་བརྩེ་དུང་དང་ཆགས་སྲེད་ཡོད་ཚད
ཚིག་དང་ཐ་སྙད་འགར་བརྒྱུས་ཏེ
མཚམས་མཚམས་སུ་ཁྱེད་ལ་ཕུལ་ན་འདོད
དགའ་ལོ་མ
ང་རང་ཁུ་སིམ་སིམ་གྱི་མཚན་མོ་རེ་རེར ང་རང་འཇམ་ཐང་ཐིང་གི་དུས་ཚིགས་རེ་རེར
ཁྱེད་རང་ཁུ་སིམ་སིམ་གྱི་རྨི་ལམ་ལ་བྱོན་ན་འདོད
ངས་ཆང་དང་དུ་བ་ཧུབ་ཀྱིས་རྔུབ་བཞིན ངང་སྒུག་གི་ངལ་བ་ཡོད་ཚད
སྙན་ངག་བུ་མོའི་མཆོར་སྒེག་གི་ལང་ཚོ་ལ་སྤྲས་ཏེ
དུས་དུས་སུ་ལན་རེ་རེར་ཁྱེད་ལ་ཕུལ་ན་འདོད
ས་སྲོད་ཡལ་སོང རྨི་ལམ་ཡལ་སོང དུས་ཚོད་དང་ལང་ཚོ་རྒས་སོང
ངས་ད་དུང་སྒུག་ནས་ཡོད དགའ་ལོ་མ
༢༠༡༠ ༦ ༡༨ ཉིན་ནུབ་སྒོའི་དྲ་ཁང་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།