གཡུ་འབྲུག་ཚན་སྡེབ།
རྐང་ལམ་སྦྲ་ནག་གི་མགུལ་དུ་དཔྱངས།
སྦྲ་ནག་ཚེ་སྲོག་གི་བྲང་ཁར་འཇུས།
ཁུ་སིམ་དཀྲོག་པའི་འབྲུག་སྒྲ་བཞིན་གྲག་འོང་བ་དེ་ནི།
ཁ་བ་ཅན་ལ་སྤོབས་པ་བསྐྲུན་པའི་རོལ་དབྱངས་ཏེ།
ང་ཚོའི་གླུ་སྐད་ཡིན།
ལྗང་མྱུག་སོ་ནམ་པའི་རྔུལ་ཆུར་འདྲེས།
རྔུལ་ཆུ་དུ་ངས་སེམས་ཀྱི་དྲོད་ལ་གཅར།
འཛུམས་མདངས་གྲོལ་བའི་སྐར་ཆེན་ལྟར་ཤར་ཡོང་བ་དེ་ནི།
ས་སྒང་གི་གསང་བ་བསླངས་བའི་སྙན་ངག་སྟེ།
ང་ཚོའི་གླུ་སྐད་ཡིན།
སྒྱུ་རྩལ་ཤེས་རིག་གི་གཙང་བོར་འཐིམ།
གཙང་བོ་མཛེས་སྡུག་གི་སྙིང་ཁར་འཁོར།
ལང་ཚོའི་དཔལ་ཡོན་དང་སྡེབ་པའི་ངག་གི་འགྱུར་ཁུགས་དེ།
བོད་པ་ཚང་གི་གདུང་བ་སངས་བའི་དགོད་སྒྲ་སྟེ།
ང་ཚོའི་གླུ་སྐད་ཡིན།
ཁྱོད་ལ་མི་བཤད་དཀའ་མེད་བྱུང༌།
ཁྱོད་ཚོའི་ལོ་གསར་དེས།
ཁྱོད་ཚོའི་དགའ་བསུ་དེས།
ཁྱོད་ཚོའི་དགོད་སྒྲ་དེས།
ཁྱོད་ལ་མི་བཤད་དཀའ་མེད་བྱུང༌།
ཁྱོད་ཀྱིས།
དམར་ལམ་ལམ་དུ་བཞུར་བའི་གཙང་བོའི་རླབས་སྒྲ།
ཁྱོད་ཀྱིས།
སྤུན་ཟླའི་ཟུངས་ཁྲག་སྙིང་ཁ་ནས་རྡོལ་བའི་འཕྱུར་སྒྲ།
ཁྱོད་ཀྱིས།
བྲག་ཅ་ཝང་ཝང་དུ་འཁོར་བའི་བཤིམ་སྒྲ།
ཁྱོད་ཀྱིས།
བདེན་མ་རྫུན་གྱི་གསར་འགྱུར་ལབ་སྒྲ།
ཁྱོད་ཀྱིས་ཐོས་མ་སོང་ངམ།
བདེན་པར་བཤད་ན།
ཁྱོད་ནི་ཁྲེལ་མེད་ཞིག
ཁྱོད་ནི་ཐམས་ཅད་ཐོས་པའི་འོན་པ་ཞིག
ཁྱོད་ཀྱི་ཞབས་བྲོ་དེས།
ཁྱོད་ཀྱི་འཛུམ་མདངས་དེས།
ཁྱོད་ཀྱི་སྤྲོ་སྣང་དེས།
ཁྱོད་ལ་མི་བཤད་དཀའ་མེད་བྱུང༌།
ཁྱོད་ཀྱིས།
སྐུ་ལུས་ལ་ཟུག་པའི་མདའ་མོ།
ཁྱོད་ཀྱིས།
དུར་ས་ན་ཡོད་པའི་གཟུགས་ཕོང།
ཁྱོད་ཀྱིས།
འོད་ལམ་ལམ་དུ་འཚེར་བའི་མིག་ཆུ།
ཁྱོད་ཀྱིས།
བརྗོད་བྱེད་ཀྱི་སྨྲ་ལྕེ་མེད་པའི་གནས་དོན།
ཁྱོད་ཀྱིས་མཐོང་མ་སོང་ངམ།
བདེན་པར་བཤད་ན།
ཁྱོད་ནི་བླ་བཙོང་ཞིག
ཁྱོད་ནི་ཐམས་ཅད་མཐོང་བའི་མིག་ལྡོངས་ཤིག
བོད་ལྕགས་སྟག་ལོའི་ཟླ་༡པའི་ཚེས་༢ཉིན་གྱིན་འདའ་བ་མེ་ཞགས་ཀྱིས།
རྩོམ་ཁུངས། ངེད་དྲ་བ།