དྲན་མགུར་མཆོད་པའི་ཡོན་ཆབ་མ།
པད་མའི་སྟན་ལ་རོལ་བའི་བུང་བ་དེས།།
མ་སྨད་ས་ལ་དགེ་དགུའི་སོ་ཕྲེང་་ངོམས།།
སྲིད་པའི་ཕུན་ཚོགས་བསླུ་བའི་ལུས་ཕྲས་ཀྱང༌།།
ཟུར་མིག་མྱུ་ཁྱུད་ཁ་བའི་ཚལ་དུ་བརྡལ།།
འཆི་མེད་ལྷ་ཡི་ལམ་ལས་བརྡོལ་བ་ཡི།།
བསྔགས་བརྗོད་མེ་ཏོག་བུམ་པའི་ཁ་རྒྱན་འདི།།
ཕོ་སྐྱེས་སྲོག་ལ་འཇམ་པའི་འཁྲིག་པའི་རྩལ།།
སོར་མོའི་ཡལ་འདབ་གཡོ་བའི་ཐབས་སུ་ཆས།།
གསེར་ལྡན་སྡེ་བཞིའི་མངལ་ལས་ཉེར་འཁྲུངས་པའི།།
རྣམ་དཔྱོད་གསེར་ཐུར་འཆང་བའི་ཡབ་མེས་ཁྱུ།།
ཁ་བའི་སྙིང་ཁམས་འཁྲུ་བའི་གཙང་མའི་ཆབ།།
མཚུངས་བྲལ་ཐུགས་རྗེས་ས་ཆེན་དོག་མོར་བཏང༌།།
སྲིད་པའི་གངས་ཆེན་བཞུ་བའི་སྐྱོ་མགུར་དབྱངས།།
ཆུ་བུར་མིག་ལ་བཟོད་པའི་སྡུག་བསྔལ་མོད།།
འོན་ཏང་མེས་པོའི་མཛད་བཟང་ཆུ་ཤེལ་ཞལ།།
དོ་ནུབ་ལྷ་ལམ་དབྱིངས་སུ་རྒྱུ་བའང་མཐོང༌།།
ལྷག་པར་བཅུ་ཕྲག་ནོར་བུའི་དོ་ཤལ་ཕྲེང༌།།
ཅི་དགར་མགུལ་དུ་འཁྱུད་པའི་དགའ་བ་ནི།།
གངས་རིའི་མུ་ཏིག་རྡོག་པོར་བསྟར་བས་ཀྱང༌།།
ཆ་ཙམ་མཚོན་པའི་འུད་སྒྲོག་གང་ནས་འཚོལ།།
་
ཁྱོད་ཀྱི་བྲི་གང་མེད་པའི་འགྲམ་པའི་ཆང༌།།
ཕྱི་རབས་བ་ཀུ་ལ་རུ་བྲན་པའི་ཚེ།།
ལྗོངས་འདིའི་སྔོན་མེད་འདབ་བརྒྱའི་ཞལ་གྱི་སྒོ།།
གཅིག་རྗེས་གྲོལ་བའི་ལྟད་མོ་མིག་གི་དཔྱིད།།
མུན་པའི་སྙིང་ཁམས་ཟ་བའི་མེ་དབལ་གྱིས།།
མི་ཤེས་ཀླ་ཀློའི་སྲོལ་ལ་རྒོལ་བའི་མཐུ།།
ཟབ་མོའི་བློ་གྲོས་རྩལ་ལས་འཁྲུངས་པའི་ཚེ།།
ཀུན་གསལ་ཉི་མ་སྐྱེངས་ནས་ཆུ་ལྷར་ཕྱོགས།།
སྙན་ཚིག་རྡུལ་གྱི་གྲངས་ལ་འཁུ་་ན་ཡང༌།།
ཇི་ལྟར་འགྲམ་རུས་ཟད་པའི་ངལ་བ་ཙམ།།
མེས་པོའི་རྔུལ་ཆུ་འཐུང་བའི་བུ་རབས་ཚ།།
དེང་འདིར་འཇམ་པོའི་རྨི་ལམ་འཚོལ་བམ་ཅི།།
སྔོན་བྱུང་གཏམ་རྒྱུད་ནང་གི་དཔའ་བོ་དེས།།
གླིང་བཞིའི་ཁྱོན་ལ་སྒྲོབ་ཉམས་མ་བསྟན་ཡང༌།།
སྒང་པ་བོད་ལ་སྟེར་བའི་ནོར་གྱི་ཕུང༌།།
གླེན་རྟགས་ཡིན་པའི་ཕོ་ཚོད་སུ་ལ་རྙེད།།
གནའ་བོའི་གདོང་དམར་བོད་ཀྱི་རུས་ཚོ་ལ།།
གཞན་ནས་འོངས་བའི་སྤྲེལ་རྒན་རེ་ཤས་ཀྱིས།།
རྣམ་ཤེས་ལྡན་པའི་བློ་ལྡན་བཟུང་བྱས་ནས༌།།
བཞད་གད་སློང་བའི་ཚུལ་འདིར་ཡི་ག་ཆད།།
མེས་པོའི་གཙང་པོ་ཁྱོད་ཀྱི་གདོང་ནས་བཞུར།།
གསེར་གྱི་ཁྲབ་རྨོག་གྱོན་པའི་རྣམ་རིག་ཅན།།
ད་ལྟ་ཡོད་ན་ཡོད་པའི་གོ་ཞིག་ཆོད།།
འོན་ཏང་ཟླ་ཤེལ་ནུབ་རིར་ཡིབ་ལ་ཁད།།
རྒན་པོའི་བློ་གྲོས་རིན་ཆེན་གསེར་གྱི་དབྱིག།
ཐང་མར་བརྡལ་བའི་ཁ་བའི་ནོར་འཛིན་དུ།།
རིགས་ཀྱི་བུང་བ་དགྱེས་པའི་པད་མོ་ཡང༌།།
དེ་རིང་ནུབ་ཀྱི་རླུང་དེས་གཏོར་བར་བྱས།།
འཇབ་བུས་སྲོག་ལ་བསྙབ་པའི་རྔོན་པ་དག།
ཁྱོད་ཀྱི་གན་དུ་གནས་པ་མ་ཚོར་ནས།།
རུམ་ནས་བྲོ་གང་བླངས་ཏེ་བྱིན་པ་ཡང༌།།
བུ་རྒོད་ཁྱོད་ཀྱི་ངོ་གདོང་གང་དུ་བསྐྱུར།།
དུས་ཀྱི་མཐའ་ལ་སྟོང་པའི་དབྱིངས་རིམ་དུ།།
སྲོག་གི་རྟ་རྔ་ཆད་ལ་ཁད་པ་ཅན།།
བོད་ཀྱི་རིག་གནས་རྫ་ཡི་བུམ་པ་འདི།།
བླུན་པོས་ཐང་དུ་འཕེན་འདི་ཀྱེ་མ་སྐྱོ།།
ཡབ་མེས་ཁྱོད་ཀྱི་བཀའ་དྲིན་བསམ་པའི་ཚེ།།
སྙིང་ལ་ལྕགས་ཀྱི་ལྷན་པ་གླན་ན་ཡང་།།
མཆི་མའི་མུ་ཏིག་ལྷུང་བར་རང་དབང་བྲལ།།
དད་པའི་ཟེར་བརྒྱ་འཕྲོ་བར་སོམ་ཉི་ཅི།།
བླུན་རྨོངས་ཀླད་ཞོ་གཏོར་བའི་སྒྱོགས་མདེལ་གྱིས།།
ཁ་བའི་སྲིད་པ་ལན་གཅིག་དཀྲུགས་པ་ཡི།།
སྲ་མཁྲེགས་སྙིང་སྟོབས་ཀ་བ་མི་འགྱེལ་བར།།
གནམ་ས་གང་ལ་གཤེགས་སམ་ཡབ་རྗེ་དག།
ད་དུང་འདི་ནས་མིག་གི་ལྟ་ཕྱོགས་དང་།།
ཁྱོད་ཀྱི་རྐང་རྗེས་རི་མོ་འཚོལ་བཞིན་པར།།
བླུན་པོ་སྟོང་གི་ཁྲོད་དུ་ངག་ལྐུགས་པའི།།
ཕྱི་རབས་གཞོན་ནུ་ཁ་བ་དཀར་པོས་སྦྱར།།
༢༠༡༠ལོར་ཡུན་ནན་བདེ་ཆེན་ནམ་མདོ་ཁམས་བདེ་ཆེན་ནས།
རྩོམ་ཁུངས། ངེད་དྲ་བ།