པོ་ཏ་ལ་དང་ངའི་རྨི་ལམ།
རྣམ་ཤེས་བྲག་ལ་འབྱར་བས
རི་རབ་དང་རྒོད་པོའི་མིག་ཟུང་བར་སྣང་ནས་ཆར་བས་གཏོར
རོ་སྒམ་ལ་དམར་མདངས་རྒྱས་ནས་གནམ་ས་ཡུག་གཅིག་ཏུ་བསྲེས
ངའི་ལག་པའི་གཡས་གཡོན་ནས
གཙང་བོ་དང་བསམ་གཞིགས་ཀྱི་ཁ་དོག་བྱ་ཁྱུའི་གཤོག་སྣེར་འཐིམ
རོ་སྒམ་ནི་དངན་པ་དང་ཕྱིར་མིག་གིས་བཞེངས་པའི་རྣམ་ཤེས་ཀྱི་ཕོ་བྲང་རེད
མཚན་སྨག་གིས་རི་ཆུའི་འབོད་པ་དང་མིག་ཆུ ད་དུང་འཇག་སྐྱའི་ཤུགས་གླུ
པོ་ཏ་ལའི་གཉེར་སྲུབས་ནས་རྣམ་ཤེས་ཀྱི་ཕོ་བྲང་དུ་དྲུད
ང་ནི་འགྲོ་འོང་ལ་མོས་པའི་དད་ལྡན་གྱི་གནས་མཇལ་བ་དེ་ཡིན
ཁ་ཕྱིར་འཁོར་ས་ནི་ངས་རང་ཉིད་འབོར་སའི་སྟོང་བསམ་གླིང་དེ་རེད
ལྷ་སའི་གླིང་ནས མིག་ཟུང་བོར་བའི་སྐྱག་སྦྲང་ནང་བཞིན
ངས་མགོ་བོ་རུམ་ལ་བསྡུ་བཞིན་མེས་པོའི་ཟུངས་ཁྲག་ལ་མིག་ཆུ་ཡང་ཡང་གཏོར
༢༠༡༠ལོའི་ཟླ་༦པའི་ཚེས་༢༢ཉིན་ལན་གྲུ་ནས་སྦྱར།
རྩོམ་ཁུངས། ངེད་དྲ་བ།