ཉི་མ་འདི་དག
ཉི་མ་འདི་དག་ནི
སྐམ་པོ་ཞིག་དང
རློན་པ་ཤ་སྟག་ཅིག་གི་བུ་མོ་ཁྱོད་ཀྱི་མཚན་མ
ཉི་མ་འདི་དག་ནི
ནེམ་པོ་ཞིག་དང
ལྡེམ་ལྡེམ་གཡོ་བའི་རྒྱ་མཚོའི་རྦ་རླབས་ཀྱི་ཨ་ལོང
ཉི་མ་འདི་དག་ནི
སྒོར་འབུད་དགོས་པའི་དུས་ཚོད་གསེར་བྲིས་མ་དང
ཁྱིམ་ནས་སྡོད་འདོད་པའི་དབྱང་གཅིག་ཐན་རྫས
ཉི་མ་འདི་དག་ནི
གོར་གོར་ཞིག་དང
སྙིང་རྗེ་བའི་ནར་ནར་དུ་འབྲི་དགོས་པའི་རི་མོ
ཉི་མ་འདི་དག་ནི
དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་འདོད་བསྟན་དང
དོན་འགྲུབ་རྒྱལ་གྱིས་གྱེར་བའི་ལང་ཚོའི་རྦབ་ཆུ
ཉི་མ་འདི་དག་ནི
གབ་ཚིག་ཏུ་བཤད་ན་ཆོག་ལ
ལ་གཞས་སུ་བླངས་ནས་དགའ་རོགས་བཙལ་ཡང་ཆོག
ཉི་མ་གཅིག
ཉི་མ་གཉིས
ཉི་མ་གསུམ
ཉི་མ་འདི་དག་ནི
བགྲང་བགྲང་ནས་ཚར་རྒྱུ་མེད་ལ
ལི་ཐོ་ངོས་ནས་བསྲེགས་མི་ཚར་བའི་ཤོག་བུ་ཟད་མེད
ཉི་མ་འདི་དག་ནི
སྐྲ་ལོ་ཉག་མ་གཅིག་གི་རིང་ཐུང་དང
བ་སྤུ་རྩུབ་པོ་ཞིག་གིས་བརྡར་བའི་བརླ་ཤ
ཁྱོད་ནི་ཉི་མ་འདི་དག་གི་གྲས་སུ་ཚུད་ལ
ང་ནི་ཉི་མ་འདི་དག་གི་གྲལ་དུ་འཚང
ཁོ་ལ་ཉི་མ་འདི་དག་གསང་བ་རུ་གྱུར
སྤྱི་ལོ༢༠༡༠ལོའི་ཟླ༡བའི་ཚེས༡༦གི་མཚན་མོར་དཔྱིའི་མེ་ཏོག་ཐང་ནས།
རྩོམ་ཁུངས། ངེད་དྲ་བ།