འགྱོད་ཡོང༌།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-18

དྲིན་ཅན་མ་ལོས་ངལ་བ་བརྒྱ་ཡིས།།
བསགས་བསགས་གྲུང་གྲུང་བྱས་པའི་འབྲས་བུ།།
རྣམ་གཡེང་ལེ་ལོས་འཁྱམས་པའི་འཚོ་བར།།
ཕངས་མེད་བརྗེས་ན་ཕྱིས་ནས་འགྱོད་ཡོང།།
 
ཕ་མ་སྤུན་མཆེད་རྒྱབ་ཏུ་བསྐྱུར་ནས།།
ངལ་བ་ཁྲི་ཕྲག་ཁུར་དུ་བླངས་ཀྱང༌།།
རྒྱུས་མེད་ཡུལ་དུ་ཁྱི་ལྟར་འཁྱམས་ན།།
ལང་འཚོའི་མེ་ཏོག་སད་ཀྱིས་ཁྱེར་ཡོང༌།།
 
ཨ་གསར་རྟ་ཕོའི་བང་འགྲོས་བྲེལ་ནས།།
ཕན་གནོད་ཡོད་མེད་རྟོག་ཞིབ་མེད་པར།།
ལག་ཏུ་ཐོགས་ཚད་ཁུག་མར་བཅུག་ན།།
དུག་ཅན་སྦྲུལ་གྱི་ཁ་རླངས་ཕོག་ཡོང༌།།
 
ཁ་ཕོ་ཆེན་པོས་འབྲུག་སྟོང་བསྒྲགས་ཀྱང༌།།
དངོས་ཐོག་བདེན་འཚོལ་ཆར་རྒྱུན་མེད་ན།།
ཁ་བཤད་དོན་སྟོང་མཚང་འབྱིན་ཆོ་ལོ།།
མི་འདོད་རིན་གྱིས་ཉོ་དུས་འགྱོད་ཡོང༌།།
 
ངན་པ་དགུ་སྒྲིལ་བསམ་བློ་སྐྱུར་མོས།།
རང་གཞན་ཕན་མེད་སྦྱོར་ངན་བསྟར་ན།།
གཤིན་རྗེའི་ཕོ་ཉས་ཞགས་ནག་འཕེན་དུས།།
བྲོས་པའི་གནས་མེད་འགྱོད་དུས་ཕྱིས་ཡོང།།
 
ལྕེ་རྩེ་དམར་པོ་ཕྱོགས་བཅུར་བརྐྱངས་ནས།།
ཞི་བའི་བསྟི་གནས་ཞོ་ལྟར་དཀྲུགས་ན།།
དྲང་བདེན་ཁྲིམས་ཀྱི་ལྕགས་ཀྱུ་རྣོ་མོས།།
ལྷེབ་ལྷེབ་འགུལ་བའི་མཆུ་འདབ་གཏུབ་ཡོང༌།།
 
རང་གི་རིག་གཞུང་རྒན་པོ་སུག་འཁྱོག།
གཞན་གྱི་རིག་གཞུང་ལྷམ་ཀྲད་མཐིལ་བརྡོལ།།
ཅི་ཡང་མེད་པའི་སྤྲང་པོ་ལག་སྟོང༌།།
འཚོ་བའི་གཡུལ་སར་ཆས་དུས་འགྱོད་ཡོང༌།།
 
སྦྲ་གུར་ལེབ་མོར་གཉིད་ལ་ཤོར་ཏེ།།
དུས་རབས་དམག་གི་རྡོག་སྒྲ་མ་ཐོས།།
ཚན་རིག་བུ་མོའི་འགྲམ་ལྕག་ཚ་པོ།།
ཡང་ཡང་བཟེད་དགོས་འབྱུང་ན་འགྱོད་ཡོང༌།།
 
གཞུང་དྲང་མདའ་མོ་འཁྱོག་ལ་བཅུས་ཏེ།།
ཁྲེལ་མེད་བུ་ཡི་བྲོ་གར་འཁྲབ་ན།།
ཨ་ཁུ་སྟོན་པའི་རིག་འཁྲུལ་རྣོ་མོས།།
ཕ་གཞིས་འཕྲོག་པའི་དུས་ན་འགྱོད་ཡོང༌།།
 
ཁྱི་ཕག་གཉིས་ཀྱི་འདུ་ཤེས་བསྐྱངས་ནས།།
ལྟོ་ཕྱེ་ཙམ་ལ་ཞེན་པ་མཐུག་ན།།
ཁོ་ལག་རྒྱས་པའི་ལང་ཚོའི་མེ་ཏོག།།
མི་མངོན་དབྱིངས་སུ་ཐིམ་དུས་འགྱོད་ཡོང༌།།
 
འཕྱོན་མོའི་གོས་རྒྱན་མནབས་པ་མེད་ཀྱང༌།།
ཉིན་མཚན་རེ་མོས་ཁྱོ་བོ་བསྟེན་ཏེ།།
ངེས་མེད་ཕ་ཡི་བུ་ཚ་བཙའ་དུས།།
མི་འདོད་འགྱོད་པའི་གླིང་ལ་འཁོར་ཡོང༌།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྱོད་ཡོང༌།

2010-06-18 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དྲིན་ཅན་མ་ལོས་ངལ་བ་བརྒྱ་ཡིས།།
བསགས་བསགས་གྲུང་གྲུང་བྱས་པའི་འབྲས་བུ།།
རྣམ་གཡེང་ལེ་ལོས་འཁྱམས་པའི་འཚོ་བར།།
ཕངས་མེད་བརྗེས་ན་ཕྱིས་ནས་འགྱོད་ཡོང།།
 
ཕ་མ་སྤུན་མཆེད་རྒྱབ་ཏུ་བསྐྱུར་ནས།།
ངལ་བ་ཁྲི་ཕྲག་ཁུར་དུ་བླངས་ཀྱང༌།།
རྒྱུས་མེད་ཡུལ་དུ་ཁྱི་ལྟར་འཁྱམས་ན།།
ལང་འཚོའི་མེ་ཏོག་སད་ཀྱིས་ཁྱེར་ཡོང༌།།
 
ཨ་གསར་རྟ་ཕོའི་བང་འགྲོས་བྲེལ་ནས།།
ཕན་གནོད་ཡོད་མེད་རྟོག་ཞིབ་མེད་པར།།
ལག་ཏུ་ཐོགས་ཚད་ཁུག་མར་བཅུག་ན།།
དུག་ཅན་སྦྲུལ་གྱི་ཁ་རླངས་ཕོག་ཡོང༌།།
 
ཁ་ཕོ་ཆེན་པོས་འབྲུག་སྟོང་བསྒྲགས་ཀྱང༌།།
དངོས་ཐོག་བདེན་འཚོལ་ཆར་རྒྱུན་མེད་ན།།
ཁ་བཤད་དོན་སྟོང་མཚང་འབྱིན་ཆོ་ལོ།།
མི་འདོད་རིན་གྱིས་ཉོ་དུས་འགྱོད་ཡོང༌།།
 
ངན་པ་དགུ་སྒྲིལ་བསམ་བློ་སྐྱུར་མོས།།
རང་གཞན་ཕན་མེད་སྦྱོར་ངན་བསྟར་ན།།
གཤིན་རྗེའི་ཕོ་ཉས་ཞགས་ནག་འཕེན་དུས།།
བྲོས་པའི་གནས་མེད་འགྱོད་དུས་ཕྱིས་ཡོང།།
 
ལྕེ་རྩེ་དམར་པོ་ཕྱོགས་བཅུར་བརྐྱངས་ནས།།
ཞི་བའི་བསྟི་གནས་ཞོ་ལྟར་དཀྲུགས་ན།།
དྲང་བདེན་ཁྲིམས་ཀྱི་ལྕགས་ཀྱུ་རྣོ་མོས།།
ལྷེབ་ལྷེབ་འགུལ་བའི་མཆུ་འདབ་གཏུབ་ཡོང༌།།
 
རང་གི་རིག་གཞུང་རྒན་པོ་སུག་འཁྱོག།
གཞན་གྱི་རིག་གཞུང་ལྷམ་ཀྲད་མཐིལ་བརྡོལ།།
ཅི་ཡང་མེད་པའི་སྤྲང་པོ་ལག་སྟོང༌།།
འཚོ་བའི་གཡུལ་སར་ཆས་དུས་འགྱོད་ཡོང༌།།
 
སྦྲ་གུར་ལེབ་མོར་གཉིད་ལ་ཤོར་ཏེ།།
དུས་རབས་དམག་གི་རྡོག་སྒྲ་མ་ཐོས།།
ཚན་རིག་བུ་མོའི་འགྲམ་ལྕག་ཚ་པོ།།
ཡང་ཡང་བཟེད་དགོས་འབྱུང་ན་འགྱོད་ཡོང༌།།
 
གཞུང་དྲང་མདའ་མོ་འཁྱོག་ལ་བཅུས་ཏེ།།
ཁྲེལ་མེད་བུ་ཡི་བྲོ་གར་འཁྲབ་ན།།
ཨ་ཁུ་སྟོན་པའི་རིག་འཁྲུལ་རྣོ་མོས།།
ཕ་གཞིས་འཕྲོག་པའི་དུས་ན་འགྱོད་ཡོང༌།།
 
ཁྱི་ཕག་གཉིས་ཀྱི་འདུ་ཤེས་བསྐྱངས་ནས།།
ལྟོ་ཕྱེ་ཙམ་ལ་ཞེན་པ་མཐུག་ན།།
ཁོ་ལག་རྒྱས་པའི་ལང་ཚོའི་མེ་ཏོག།།
མི་མངོན་དབྱིངས་སུ་ཐིམ་དུས་འགྱོད་ཡོང༌།།
 
འཕྱོན་མོའི་གོས་རྒྱན་མནབས་པ་མེད་ཀྱང༌།།
ཉིན་མཚན་རེ་མོས་ཁྱོ་བོ་བསྟེན་ཏེ།།
ངེས་མེད་ཕ་ཡི་བུ་ཚ་བཙའ་དུས།།
མི་འདོད་འགྱོད་པའི་གླིང་ལ་འཁོར་ཡོང༌།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།