ལྷིང་འཇགས་ལ་སྨོན་པ།
ཁྱོད་ཀྱི་ན་ཟུག་གི་འགྱོད་གདུང་དེ་རི་ངོས་གཟར་མོའི་བྲག་ཅར་འཁོར་ཞིང
ངའི་དྲན་གདུང་གི་དངན་པ་དེ་ཆུ་བོ་ཆེན་པོའི་ཕྱི་མིག་གི་དཔུང་ལ་འབྱར
ལག་པ་རྒྱང་ལ་བསྲིངས་པའི་ཨུ་ཚུགས་དེ་ཁྱོད་ཁོ་ནར་བཞག་པའི་མེས་པོའི་བཀའ་ཆེམས་བཞིན
མཚན་ལྗོངས་ཀྱི་རབ་རུབ་ཁྲོད་ནས་བོར་ཐེངས་མང་བའི་ལོ་ཟླའི་འཛུམ་ཞལ
རི་བོ་ཆེན་པོ་བཞིན་འགྱེལ་ནས་ངའི་རྨི་ལམ་གྱི་བྲང་ལ་ཕོག
ཤོག་བུ་དང་སྨྱུ་གུ་བསྐྱུར་ཏེ ཕྱིར་མིག་དང་མདུན་བསྐྱོད་བོར་ཏེ
མགོ་བོ་དགུང་དུ་བཏེགས་ཤིང་མིག་ཆུ་དང་ཟུངས་ཁྲག་དྲན་གདུང་གི་བྲང་ལ་བསྐྱིལ
སྤྲིན་པ་ནི་སྲོད་ཁའི་མཛེས་རྒྱན་དུ་བཏིང་བའི་པོ་ཏ་ལའི་ཁ་དོག་འདྲ
ཐག་འཁྱུད་མེ་ཏོག་ལྟར་ཁྱོད་ཀྱི་ཡིད་ཆད་དང་སུན་སྣང་གི་གདོང་ལ་འཐམས་པའི་མཆུ་སྒྲོས་དེ་སུ
དཔྱིད་ཀ་ནི་ནམ་མཁའི་རེ་སྨོན་མི་ཡི་ཡུལ་དུ་བབས་པ་འདྲ
ནུབ་མཁའི་གཟུགས་བརྙན་གྱི་རི་ཀླུང་ལ་འཐམ་པའི་འཆི་བདག་གི་ཕྱི་མིག་དེ་སུ
དེ་དགོང་ངའི་མགོ་བོ་ལྷིང་འཇགས་ཀྱི་བྲང་ལ་བརྐྱངས་ནས་ལྷིང་འཇགས་མཆི་མས་བསུབ
རྩོམ་ཁུངས། ངེད་དྲ་བ།