མྱི་ཡུལ་ནས་འཐོར་བའི་མིག་ཆུ།
གྲང་ངར་སྲིན་མོ་ཁྲོས་པའི་དགུན་གྱི་དུས།།
མི་བཟད་གངས་ལྷགས་འཐབ་པས་སྐྱོ་བ་རྡོལ།།
བརྩེ་ཞེན་གོམ་ཁ་བོར་བའི་ལྗོངས་འདི་ནས།།
ཕྱི་མིག་རྣོན་པོའི་མིག་ཟུང་མཁའ་ལ་བགྲད།།
ཆར་རླུང་གྲོགས་སུ་སྦྲན་པའི་མུན་སྟུག་ཁྲོད།།
མིག་གི་མདུན་ངོ་ཙམ་ཡང་མ་ཟིན་མོད།།
རྡོ་ལ་རི་མོ་བཀོད་པའི་དམ་བཅའ་དེས།།
སྨག་གི་དབུས་སུ་རེ་བའི་མེ་སྟག་འཛུམ།།
གཡང་གཟར་བྲག་རི་གཤིན་རྗེའི་རལ་གྲི་དང༌།།
མི་མེད་ནགས་ཚལ་འདྲེ་སྲིན་བསྟི་བའི་གནས།།
སྐྱ་མོའི་ལམ་ཕྲན་བར་དོའི་འཕྲང་གོག་བཅས།།
སྐྱབས་བཅོལ་ལམ་བུ་གཅོད་པའི་གཡབ་མོ་ཡིན།།
ལྷོ་ཕྱོགས་རྒྱ་མཚོ་བརྒལ་བའི་ཕ་མཐའ་ན།།
གྲུ་འཛིན་མགོན་པོར་འཁྲེང་བའི་བག་ཆགས་ལས།།
གདོད་མའི་འཁྱག་རོམ་འབར་བའི་གངས་ལའི་སྟེང༌།།
ཚེ་སྲོག་དཔང་དུ་འཇོག་པའི་གདེང་གཅིག་རྙེད།།
ཚ་དམྱལ་རིམ་པ་དགུ་ཡི་དོང་ནང་དུ།།
དབུགས་ཀྱི་རྒྱུ་བ་འགག་པའི་ཟུག་གཟེར་གྱིས།།
ཡ་ཐོད་རྔུལ་ཆུས་བརླན་པའི་ཟེགས་མའི་རྒྱུན།།
ཁ་འབབ་རྣམ་བཞི་རྡོལ་བའི་བརླན་གཟུགས་འདྲ།།
ས་དང་གནམ་ངོ་ཙམ་གྱི་ངོས་གཟུང་ལས།།
གྲོགས་དང་གྲོགས་མོ་བྲལ་བའི་ས་མཐའ་འདིར།།
ཆས་དང་སྐད་ལུགས་ཡན་གྱི་ཐ་དད་ཀྱིས།།
གསར་འབྱོར་སྤྲང་པོའི་མིག་ཆུ་ཐོག་མར་ཟགས།།
ནོར་དང་ཁ་རྗེ་རྒོད་པའི་སྐུ་ངོ་ལ།།
ཕྱག་དང་ལྕེ་བསྣར་དགོས་པའི་འགྲོ་ལུགས་འོག།
བུད་མེད་ཕལ་ཆེར་འཕོངས་མགོ་འཚོང་བའི་དུས།།
ཕུགས་བསམ་གླིང་གི་བདུད་ཀྱི་བཞིན་རས་མཐོང༌།།
ཆོས་དང་ཆོལ་ཁ་མོད་པའི་གླིང་ཕྲན་འདིར།།
སྤུན་ཉེ་ནང་དམེ་གཡོ་བའི་བྲེལ་ཟིང་ནང༌།།
ཕུགས་ཀྱི་འདུན་པ་བརླགས་པའི་འཁྱམ་པོའི་སེམས།།
རེ་དོགས་འོག་འགྱུའི་ཀློང་ནས་ཡལ་རེ་ཐལ།།
ཕྱུག་པོ་ཕལ་ཆེར་དཔོན་འགོ་ཟིན་པར་འབད།།
རྒོད་པོ་རྣམས་ནི་ནུབ་ཕྱོགས་གླིང་དུ་འཕུར།།
བར་དོར་གྱར་བའི་སྤྲང་པོ་ང་འདྲ་ལ།།
གསེར་གྱི་གླིང་ནས་རྡོ་ཡང་རྙེད་པར་དཀའ།།
རིགས་ལམ་རྒོད་ཀྱང་ཉམས་ལེན་འབྱོར་བས་ཕོངས།།
ཡོན་ཏན་ལྡན་ཡང་གསོག་གསོབ་ནད་ཀྱིས་མནར།།
འབྲས་བུ་མེད་པའི་སྡོང་རྒན་སྐམ་པོ་ལ།།
ལོ་མང་རེ་བའི་འཁྲུལ་སྣང་འདི་ན་འཚུབ།།
བཅུ་གསུམ་བྱིས་པས་དངུལ་ལོར་ཞེན་བརྩེ་གླེང༌།།
བརྒྱད་ཅུའི་རྒས་པོས་གཞང་མོར་སྡེབ་སྟངས་གྲོས།།
གྲལ་དང་རིམ་པ་ཞིག་པའི་མཐའ་འཁོབ་ཏུ།།
ཉམ་ཆུང་བདག་ལ་རེ་བའི་ཆོས་ནོར་མེད།།
གྱོད་དང་ཁ་མཆུ་མང་ན་སྤྱང་པོར་བརྩིས།།
ཆགས་དང་ཞེན་པ་དམར་ན་གྲུང་པོ་ཡིན།།
དགྲ་གཉེན་ལྡོག་པའི་ཁྱི་ཁང་རུལ་བོའི་ནང༌།།
གསོན་པོར་གནས་ཀྱང་ཤི་བའི་རོ་དང་མཚུངས།།
སྐལ་ངན་རང་ཐོག་སྨིན་པའི་འཇིགས་དངངས་དང༌།།
ལས་འབྲས་ཁྱི་བཞིན་བོར་བའི་མཇུག་འབྲས་སུ།།
ཕ་ཁྱིམ་སྣུམ་པོ་བསྐྱུར་བའི་ཁྲལ་ལས་འདི།།
མ་ཤི་བར་དུ་སྐྱོང་དགོས་ཡིད་གདུང་ཆེ།།
གཡོ་དང་སྒྱུ་མའི་མི་ཆོས་སྐྱ་བོ་དང༌།།
ཚུལ་དང་འཆོས་ཀྱི་ཆོས་བརྒྱད་ངམ་ནག་པོས།།
རྒྱལ་བའི་བཀའ་ཡང་ཕྱག་དར་ཟིང་ཟིང་ཁྲོད།།
ཕངས་མེད་བསྐྱུར་བའི་སྙིང་ཆེན་སུ་ཡིས་བསྩལ།།
ལྟ་གྲུབ་ལ་རྒྱ་བཙན་པའི་མཁས་དབང་དང༌།།
འཇོན་ནུས་སྤོབས་པ་བཟང་བའི་དམངས་ཀྱི་དཔོན།།
ཅི་ཡང་མེད་པའི་ཁྱི་སྤྱང་ལག་སྦྲེལ་གྱིས།།
ཡུལ་ཁམས་བསྐྱངས་པའི་ལྟས་ངན་ཕྱིས་ན་ཡོད།།
ཁྱིམ་ནས་བྲལ་བའི་སྐྱོ་གདུང་དམ་དུམ་གྱིས།།
སྙིང་ཤ་གས་པའི་རྨ་ཁའི་ཚ་ངར་སྟེང༌།།
ཡུལ་གྱར་འབུར་འཇོམས་འཚོ་བའི་གྲི་མདུང་གིས།།
ཡན་ལག་བཅད་པའི་མྱ་ངན་སུ་ལ་བརྗོད།།
འདི་ན་དཀར་པོའི་མི་རྣམས་ཕམ་པ་དང༌།།
ལོག་པར་སྤྱོད་ལ་རྒྱལ་ཁ་བཟང་བ་སོགས།།
རྫུན་དང་ཚད་མའི་ཡིན་ལུགས་མི་གསལ་བས།།
རྒྱུ་འབྲས་མི་བསླུའི་མཚན་ཉིད་གང་དུ་འཇོག།
དམངས་གཙོའི་ཀ་བ་གསུམ་གྱི་ཡ་ཡོའི་འོག།
མི་སེར་སྡེ་གཟར་ལྷུང་བའི་འོ་དོད་སྐད།།
གང་གཱའི་ཆུ་བོ་བཞུར་བའི་བྱང་མཐའ་རུ།།
མཁའ་ཡི་ཆུ་འཛིན་ནག་པོའི་འདབས་ན་གྲགས།།
དེས་ན་འཁྱམ་པོའི་འཚོ་བར་སྟོང་སྣང་དང༌།།
འཇིག་རྟེན་མ་གཞིར་སྡུག་བསྔལ་ཡིན་པ་སོགས།།
མཁས་པའི་གཏམ་དང་ཕ་མའི་བསླབ་བྱ་ལ།།
རྒྱུ་མཚན་མེད་པའི་རྣམ་རྟོག་འདི་ན་ཞིག།
མྱི་ཡུལ་ལོ་ཟླ་ཟད་པའི་དུས་ཀྱི་མཐར།།
བྱམས་ལྡན་མ་ལོ་དྲན་པའི་གདུང་བའི་ཁུར།།
སྟོན་གྱི་སྡོང་ལོ་འཐོར་བའི་སྐྱོ་སྣང་ཁྲོད།།
ཡང་ཡང་གྱེར་བའི་ངལ་བ་སུ་ཡིས་ཚོར།།
ངང་པ་མཚོ་མཐར་འཁྱར་བའི་ལས་དབང་དང༌།།
མ་བུ་གསོན་བྲལ་གྱུར་པའི་བར་ཆད་ཀྱིས།།
མུན་པའི་འཇིག་རྟེན་འདི་ལ་བཞག་པའི་རྗེས།།
མཁའ་མཐའི་སྐར་ཚོགས་དག་གིས་འགྲན་བཟོད་མིན།།
རྒྱུས་མེད་གཞན་ཡུལ་འགྲིམས་པའི་འཚོ་བའི་སྣེ།།
དབུལ་ཞིང་ཕོངས་པའི་མིག་ཆུའི་མཚོ་མོར་འབྲེལ།།
རྐང་རྗེན་བགྲོད་པའི་ཁྲག་གི་ཐིགས་པ་རེ།།
འཚོ་བའི་ལྷ་ལ་མཆོད་པའི་དྲན་རྟེན་ལགས།།
མཁའ་ལ་ཅེར་ན་སྤྲིན་ནག་རྦབ་རྡོ་འདྲིལ།།
ས་ལ་ལྟ་དུས་ཁྲམ་པའི་ཁྱུ་དཔུང་སྒྲིག།
རྡོ་ལེབ་ཚ་མོས་རྨས་པའི་གྲོག་མ་ང༌།།
ཤི་ནས་ལོ་བརྒྱར་གསོན་པའི་འདས་ལོག་ཉིད།།
མཛའ་མོ་བྲལ་བས་འདོད་བསྟན་ཡིད་ལ་བསྒོམས།།
ནོར་གྱིས་དབུལ་བས་ཐང་ཁུག་སྒོ་ཁར་བཟེད།།
སྙིང་གཏམ་མེད་དུས་སྙན་ངག་དབྱངས་སུ་སྒྲོག།
ཡུལ་དུ་གྱར་བའི་བུ་ལ་འདི་ཀོ་ཙམ།།
ཀུན་གྱིས་བརྙས་པར་སྙིང་གི་འཕར་རྩ་ཆད།།
མང་པོས་རྒོལ་བར་གོམ་གང་སྤོ་བར་མཚེར།།
འགྲོ་འདུག་ཆ་མ་འཚལ་བའི་སྐྱིན་ཐང་ངོགས།།
དཀའ་བའི་བགྲོད་པར་ད་ནི་ཞེན་ཁ་ལོག།
གཟུགས་ཅན་མཚོན་གྱིས་རྨས་པའི་ལུས་ཀྱི་རྨ།།
སྨན་དང་དཔྱད་ཀྱིས་དྲག་ཏུ་རེ་ན་ཡང༌།།
གཟུགས་མེད་སེམས་པ་བསྲེགས་པའི་ནང་གི་རྨ།།
འཚོ་བྱེད་རྒྱལ་པོས་བཅོས་པའི་རེ་བ་མེད།།
བསོད་ནམས་དམན་པས་ཆོས་ཀྱི་སྐལ་བ་བརླགས།།
ལམ་འགྲོ་ཆུང་བས་ཁྲམ་པའི་འཁོར་དུ་ཚུད།།
སྐྱིད་སྣང་བག་ཕེབས་བྲལ་བའི་ཐ་ཆད་འདིས།།
རྒྱང་རིང་ཡུལ་དེ་མི་དྲན་རང་དབང་ཅི།།
རང་ཉིད་གཅིག་པུར་ལུས་པའི་སྤྱིལ་ཆུང་ནང༌།།
སྟོང་བསམ་རང་ཡུལ་ལྷགས་པའི་ཀུ་ཅོའི་སྒྲ།།
དམར་སེར་མཚམས་སྤྲིན་གཡོ་བའི་ས་སྲོད་ལ།།
ཡངས་པའི་བར་སྣང་མཐོངས་སུ་ལྷང་ལྷང་གྲགས།།
གཉེན་དང་ཉེ་འདུ་མེད་པའི་གནས་ཡུལ་འདིར།།
དཔོན་དང་ཁྲམ་པའི་ངོ་སོ་ཆེ་བས་ན།།
ལོ་མང་སོང་བའི་ཁང་སྟོང་གོག་ཧྲུལ་བཞིན།།
གཞོན་ནུའི་སེམས་ལ་རྒས་པའི་གཉེར་རིས་འཕྱུར།།
མཁའ་ཡི་ཉི་གཞོན་འབར་བའི་ཚ་ཟེར་ལས།།
ས་ཆུ་དྲོད་པའི་བདེན་པ་རིག་ན་ཡང༌།།
ཅོལ་ཆུང་གྲལ་འགོ་འཛིན་པའི་ཁོར་ཡུག་ནང༌།།
འཁྱགས་པའི་སེམས་ལ་དྲོད་པའི་གནས་སྐབས་བྲལ།།
དབང་ཆེན་དཔོན་ལ་མཁོ་བའི་འཛུམ་འཚེར་དང༌།།
རྒྱལ་ཁམས་རུལ་བར་དར་བའི་སྲིད་ལུགས་གཉིས།།
སྡོམ་ཤོར་ཆོས་པས་བསྐྱངས་པའི་བསྟན་པ་རྣམས།།
ས་མཐའ་འདི་ན་སྲོག་གི་སྙིང་པོར་ཁུམས།།
ཡུན་རིང་བྲལ་བའི་ཕ་མ་མིང་སྲིང་ལ།།
རྒྱུ་དང་དངུལ་གྱིས་སེམས་གསོ་མ་ནུས་ཀྱང༌།།
ལས་འབྲས་དཔང་དུ་བཞག་པའི་བདེན་པ་འདིས།།
འཁྱར་པོའི་སྙིང་ལ་སྐྱོ་བོའི་སེམས་གསོ་ཐོབ།།
རྩོམ་ཁུངས། ངེད་དྲ་བ།