ཀོས་ལན་གྱི་མཛེས་ལྗོངས་ལ་བཞག་པའི་བསྡོམ་ཚིག
ཀོས་ལན་གྱི་རི་ཆུ།
ཁྱེད་ནི་སྙན་ངག་པ་གྲངས་མེད་ཅིག་གིས་སྨྱུག་རྩེས་འབྲི་མྱོང་ལ།
ཁྱེད་ནི་རི་མོ་བ་གྲངས་མེད་ཅིག་གིས་རི་མོར་ཕབས་ཤིང༌།
ཁྱེད་ནི་བརྙན་ལེན་པ་གང་མང་ཞིག་གིས་པར་དུ་བརྡབས་མྱོང༌།
དེ་ལྟ་བུས་ན། ཁྱེད་ཀྱི་མཛེས་ལྗོངས་དེས།
མི་སེམས་ཀུན་ནས་འཕྲོག་པས།
མི་དམངས་ཤོག་སྒོར་ཉི་ཤུ་མའི་རྒྱབ་ངོས་སུ།
ཁྱེད་རང་དཀྱིལ་ཡངས་དང་མཛེས་སྡུག་གིས་འཁྱིལ་ཡོད།
ཡིན་ན་ཡང༌། ང་རང་ལོག་དུས་ཀྱི་དཔྱིད་ཀ་འདིར།
ཁྱེད་ལ་འབྲས་བུ་གསར་བ་ཞིག་ཐོགས་བཞིན་པའི་སྒང་རེད།
ཁྱེད་ཀྱི་ཡལ་ག་རེ་རེའི་སྟེང་ན་བརྒྱ་ཤོག་འབུས་ཀྱིན་ཡོད་ལ།
ལོ་མ་རེ་རེའི་སྟེང་ན་བཅུ་ཤོག་འབུས་ཀྱིན་ཡོད་པར་མ་ཟད།
འབྲས་བུ་རེ་རེའི་སྟེང་ན་ལྔ་ཤོག་འབུས་ཀྱིན་ཡོད་པས།
ཁྱེད་ཀྱི་སང་ཉིན་ནི་ལིས་ཅིང་(漓江)གཙང་བོ་བཞིན་གྱི།
དྭངས་གཙང་གི་སང་ཉིན་དེ་ཡིན་མི་སྲིད་ལ།
ཁྱེད་ཀྱི་སང་ཉིན་ནི་ཀོས་ལན་རི་བོ་བཞིན་གྱི།
མཛེས་སྡུག་གི་སང་ཉིན་དེ་ཡིན་མི་སྲིད་དོ།།
2009.12.31 རྒྱ་ནག་ཀོས་ལན་གྲོང་ཁྱེར་དུ་བྲིས།
རྩོམ་ཁུངས། ངེད་དྲ་བ།