ཆུང་མ་དང་མཉམ་དུ་ཕྱི་རོལ་ལ་འཆམ་འཆམ་དུ་ཕྱིན་པ།
ཆུང་མས་བཤད་ན ཟ་མ་ཟོས་རྗེས
ཕྱི་རོལ་ལ་འཆམ་འཆམ་དུ་སོང་ན
སེམས་ཁམས་དྭངས་ཤིང་ལུས་ཀྱི་འབྱུང་གཞི་ཧ་ཅང་བདེ་ཟེར
སྐད་ཆ་དེ་ནི གནའ་སྔ་མོ་སྔ་མོ་ཞིག་ལ་
སུ་ཞིག་གིས་ང་ལ་བརྗོད་མྱོང་བ་དང་འདྲ་ཞིང་
ཞིབ་འདང་ཞིག་བརྒྱབ་ན་ སྐད་ཆ་དེ་ནི་
དེ་རིང་ཐེངས་དང་པོར་ཐོས་པའི་སྣང་བ་ཞིག་ཀྱང་སྟེར
འཇིག་རྟེན་གྱི་ཕྱེད་ཀ་གཉིད་དུ་ཡུར་ཉེ་ནའང་
འཇིག་རྟེན་གྱི་ཕྱེད་ཀ་སད་ལ་ཉེ་བའི་སྒང་འདིར
ང་རང་ཆུང་མ་དང་མཉམ་དུ
མཚོ་བོད་མཐོ་སྒང་གི་སྤང་ཐང་ལེབ་མོ་ཞིག་གི་སྟེང་ན་
འཆམ་འཆམ་ལ་འགྲོ་བཞིན་ཡོད
འཆམ་འཆམ་ལ་འགྲོ་བ་ནི་
རང་གིས་རང་ལ་བྱིན་པའི་སྐད་ཅིག་མའི་
བཅིངས་འགྲོལ་ཐེངས་ཤིག་སྟེ
རི་མཐོ་ས་ཞིག་ནས ཐང་ཡངས་ས་ཞིག་ནས
ལག་ཁྱེར་ཁ་པར་ནང་གི་རོལ་དབྱངས་ལ་ཉན་བཞིན
ན་ཟུག་སེལ་བའི་ཀི་རིང་ཞིག་ཤུགས་ཀྱིས་བཏབ་ཆོག་པ་མ་ཡིན་ནམ
ས་སྲོད་སྐབས་ཀྱི་ཡུལ་ལྗོངས་རེ་རེ་ནི་ སུ་ཞིག་གིས
མིའི་རིགས་ལ་ཆེད་དུ་བསྐྲུན་པའི་རྩེད་རྭ་རེ་རེ་དང་མཚུངས་ནའང་
སྤང་ཐང་གི་དབུས་ནས་ ཆུང་མས་ཡིད་ལ་ཅི་ཞིག་དྲན་པ་ལྟར
“ མི་ཚེ་ཐུང་ཐུང་འདིའི་ནང་ ང་ཚོས་
རང་ལ་བྱིན་པའི་གོ་སྐབས་ཤིན་ཏུ་ཉུང་སོང ” ཟེར
ཡུལ་ལ་ལོག་པའི་ལམ་བར་ནས
ཆུང་མ་དང་ངེད་གཉིས་ཀྱིས སྙན་ངག་པ་བཞིན
རི་རྩེ་ན་བཞུད་ལ་ཉེ་བའི་ཉི་ནུབ་ལ་ཅེར་ནས་
མགྲིན་པའི་སྦུབས་ནས ཤུགས་རིང་ཞིག་མཉམ་དུ་ཤོར
༢༠༠༩。༣。༣༡ཕ་ཡུལ་ནས་ས་སྲོད་ཀྱི་དུས་སུ་བྲིས།
རྩོམ་ཁུངས། ངེད་དྲ་བ།