སྙན་ངག་འབོར་ས་ནས་སྙན་ངག་ཅིག་རྙེད་པ།
སླ་ང་ལས་ལག་པ་བསྲིང་པའི་གཞི་རིམ་པ
ཚོར་ཤེས་རླུང་བུས་ཁུར་འགྲོ་བའི་རྨེའུ་རུ་མ
བུ་མོའི་མིག་ཟུར་དྭངས་མོ
ཁྱོད་ཀྱི་འཛུམ་རས་སུ་ག་ལེར་ཕོག་ན
ཝུ་ཆང་གི་ལྟོ་བར་འཁོར་བའི་ཝུ་སོབ་དེ་ཡང
ཨ་ཁུ་པད་མ་དང་འགྲོགས་ནས་དགུང་དུ་འཕུར་ངེས
སྙིང་ཉེ་བ་དེ་ལུ་གུ་ཞིག་རེད
ལུ་གུའི་ངུ་སྐད་དེ་རེད
སྤང་ལྗོངས་ཡངས་ས་ནས་སྙན་ངག་འབོར་སྲིད
ཆུ་མོ་དྭངས་ས་ནས་ཀྱང་སྙན་ངག་འབོར་སྲིད
སྤྲིན་ནག་གི་ཡོལ་བ ཁངས་ཆར་གྱི་ཐོ་ཡོར
ལྷོད་ཀྱིས་འཁྱུག་ས་ནས་སྙན་ངག་ཀྱང་འདི་ལྟར་རྙེད་སྲིད
རྩྭ་ལྗང་དང་དུད་སྤྲིན་གྱིས་བཏེགས་པའི་ནམ་མཁའ་འདི
ཁྱོད་ཁོ་ནའི་ལོངས་སྤྱོད་ཡིན་ན
རོལ་མོའི་རྒྱུད་སྐུད་ལས་དལ་གྱིས་གྲག་པའི་གཞས་ཆུང
བདག་གི་ནམ་མཁར་དཔྱངས་པའི་དྲིལ་བུ་ཡིན
ན་ཆུང་གི་མགྲིན་སྒྲ་ལས་འོང་པའི་སིལ་ཏོག
ལྗོན་ཤིང་གི་འདབ་མར་འཁྲིལ་པའི་མེ་ཏོག་དཀར་པོ
ཁྱོད་ལ་ཕུལ་པའི་རླུང་རྟ་ཡིན
སེམས་ཁམས་འདི་ར་མ་ཞིག་གི་ར་རྩེ་ལས་བྱུང་ན
བདག་གི་རྩྭ་ཐང་འདི་ཉིད
རྟ་ཕོ་དག་རྒྱུག་འདུར་བྱེད་སའི་རླུང་ཁམས་ཡིན
སྒོ་ཁྱིའི་ཟུག་སྐད་ལས་ས་བོན་འཁྲུངས་ན
སྤུ་ཉག་རེ་རེ་ལས་ཅི་ཞིག་འཁྲུངས་སྲིད
ཅི་ཞིག་འཁྲུངས་སྲིད ?
༢༠༡༠ལོའི་ཟླ་༥པའི་ཚེས་༢༥ཉིན་རྨེའུ་རུ་མའི་སློབ་ཆུང་དུ་བྲིས།
རྩོམ་ཁུངས། ངེད་དྲ་བ།