སེམས་ཀྱི་གདུང་དབྱངས།
སྙན་ངག་པ་ཡི་དམ་ཚེ་རིང་མཆོག་དྲན་པ།
ལོ་ངོ་ཁྲི་ཕྲག་གི་རྡོག་ལམ་དེ་བསྐྱེད་ཕྱིར།
ལྷུང་སོང༌།
འོད་དུ་འཚེར་བའི་འཁྱུག་སྐར་ཞིག
ཟུངས་ཁྲག་གི་མཚམས་སྤྲིན་དམར་པོས།
གཉིད་དུ་ཡུར་བའི་མི་རྣམས་རིམ་བཞིན་བསླངས།
སུ་ཡིས་དྲན་ཨང༌།
འཇོན་ཐང་གིས་ཕྱུག་པའི་སྐྱེས་བུ་ཁོང༌།
འཁྱུག་བགྲོད་ཀྱི་སྐར་མདའ་ཞིག་ཡིན་པ་སུ་ཡིས་རྟོགས།
ན་གཞོན་གྱི་རུ་འདྲེན་དང༌།
མི་རིགས་ཀྱི་གཟི་བརྗིད།
ཡི་དམ་ཚེ་རིང༌། ང་ཚོའི་གླུ་བ་ལགས།
གངས་རི་སྔར་བཞིན་ཁ་བའི་ལྗོངས་ན་ལྷིང་འཇགས་གེར་འགྱིང་ལ།
གངས་སེང་སྔོན་ལྟར་ཁ་བའི་འགྱུར་ཁུགས་དང་ལྷན་དུ་ངར་ཤུགས་ཆེ།
འོན་ཏེ། ང་ཚོའི་ཉི་མ་གཞོན་ནུ།
ཁོ་རང་ད་ལྟ་གནས་ས་གང་ན་བཞུགས།
ང་ཚོའི་སྙན་ངག་ལྷ་མོའི་ཡབ་མེས།
མེ་ལྟར་ཚ་བའི་སེམས་པ་གསོན་པོ་ཞིག
ཕྱོགས་བཞི་མཚམས་བརྒྱད་ན་ལྡིང་སྐོར་རྒྱག་ལ།
གངས་རི་མཐོན་པོ་དང་སྤང་ཐང་ཡངས་པོ།
ནགས་ཀླུང་སྟུག་པོ།
ཆུ་སྣ་འབུམ་ཕྲག
ད་དུང༌། སེམས་པ་ལང་ཚོ་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་ན།
ཧ་ཅང་བརྗེད་པར་དཀའ། བརྗེད་པར་དཀའ།
རྩོམ་ཁུངས། ངེད་དྲ་བ།