འཕོ་བ།

རྒྱ་ཁབ་ཀྱི་མིག་ལས་ཀྱང་དོག་པའི་བུ་ག་ཆུང་ངུ་དེ།
མི་ཡུལ་ནས་ལྷ་ཡུལ་ལ་འཐེན་པའི་རྨུ་ཐག་ཏུ་མ་ཟད།
ངན་འགྲོ་ནས་བདེ་འགྲོར་བཙུགས་པའི་རྨུ་སྐས་ཀྱང་ཡིན་ཏེ།
སེམས་ཅན་མཐའ་དག་གིས་རང་ཉིད་འཇུར་མིག་ལ་དྲངས་ནས།
མྱངས་མ་མྱོང་བའི་བདེ་བ་དེར་སྟིམ་པར་བྱེད།
 
གལ་ཏེ་རྨུ་ཐག་ནི་བུ་ག་དེ་ལས་སྟས་དབང་གིས་ཤོར་བའི་ཉི་ཐིགས་དེ་ཡིན་ཚེ།
རྣམ་ཤེས་ཀྱི་ཚོགས་ནི་དེ་རུ་གཞན་དབང་གིས་འཕྱོ་བའི་ཟེར་རྡུལ་དག་ཡིན་ངེས།
གལ་ཏེ་རྩ་དབུ་མ་ནི་བུ་ག་དེ་ལས་ཐོལ་ཐོལ་དུ་རྒྱུ་བའི་ཁྲག་རྒྱུན་དེ་ཡིན་ཚེ།
རྣམ་ཤེས་ཀྱི་ཚོགས་ནི་དེ་རུ་ངེས་མེད་དུ་འཚངས་པའི་ཁྲག་ཐིགས་དག་ཡིན་ངེས།
 
བཙོན་མ་དག་བཙོན་ཁང་གི་ཕྱི་ལ་འཁྲེང་བ་དང་།
དཔོན་པོ་དག་གོ་ས་གོང་མར་འཁྲེང་བ་དེ་ཡང་།
རྣམ་ཤེས་ཀྱི་འཕོ་སྟངས་གཞན་ཞིག་ཡིན་སྲིད་ཀྱང་།
རང་ཉིད་ཀྱི་ཕྱི་ནང་གསང་གསུམ་ལ་བདེན་ལུགས་ཀྱི་བྱབས་ཁྲུས་མ་བྱས་པར།
བྱ་རྡོ་ཐོག་ནས་འཕུར་བ་ཇི་བཞིན།
བག་ཡངས་ཀྱི་འཕོ་བ་བྱ་ཐུབ་མཁན་དུ་ཡོད།
 
རྣམ་ཤེས་ཀྱི་འཕོ་བ་ནི་མ་མཐའི་བདེ་བ་འཚོལ་སྟངས་ཤིག་སྟེ།
འཇིག་རྟེན་འདིའི་མནར་གཅོད་མང་དུ་མྱངས་པ་དག་ལ་ལྟ་ཅི།
ཚད་འདས་ཀྱི་མནར་གཅོད་སྐྲུན་མཁན་དག་ལ་ཡང་ཡིན་ཏེ།
དེས་ནི་ཁོ་ཚོའི་ལག་ནས་སྡིག་གྲི་བཙན་གྱིས་བླངས་པས་སོ། །
 
སྙིགས་མའི་དུས་ཀྱི་ཚེ་ཐུང་གཅིག་ལ།
ཁྱོད་ཀྱིས་མི་ལ་རས་པ་ལས་ལྷག་པའི་དཀའ་སྡུག་མྱངས་ཡོད་དེ།
མི་ལར་ཡང་མི་འདོད་དུས་གཡུག་ཆོག་ཆོག་གི་རང་དབང་ཡོད་འདུག
ཏག་ཏག་ཁྱོད་ཁོ་ནས་ཆེས་མཐའ་མཇུག་གི་གདམ་ག་ཡང་མི་བྱེད་དོན།
ཁྱོད་ཀྱིས་ཕམ་དམག་ཅིག་དང་འདྲ་བར་བྲོས་བྱོལ་གནང་མ་འདོད་པ་ཡིན་ནམ།
བོར་སོང་བ་གང་ཞིག་ཅིས་ཀྱང་རྙེད་དགོས་པའི་དམ་བཅའ་སྲུང་བ་ཡིན།
 
བླ་མས་ལྷང་ལྷང་གསུངས་པའི་འཕོ་ལུང་སྙན་མོ་དེས།
སྐྱེ་འགྲོ་མང་དག་ཅིག་ཡུར་བ་བཟང་བོའི་ཆུ་ལྟར་དྲངས་ན་ཡང་།
འོ་མ་བཞིན་མངར་ལ་ཞིམ་པའི་རེ་སྨོན་ཉག་ཕྲ་བ་དེས།
ཁྱོད་རང་མུ་མེད་པའི་རྩྭ་ཐང་ཆེན་མོ་འདིར་དམ་ལ་བཏགས་ཤིང་།
ཁྱོད་ཀྱི་ཞེན་ཆགས་སྟོང་གི་འཁྲི་ཤིང་དུ་གྱུར་བའང་།
ཟད་ལ་ལ་ཉེ་བའི་མཆོད་མེ་འདིའི་འོད་སྣང་ལས་ཅི།
 
མི་རྣམས་ཀྱིས་དུས་རྟག་ཏུ་རང་ཉིད་ཁོ་ན་སྲུང་ཞིང་།
གཞན་གྱི་གཉའ་ལ་འོས་མིན་གྱི་ལྕགས་སྒ་རེ་སྟོད་པ་ནི།
དོན་དམ་དུ་རང་ཉིད་ཀྱི་འཆི་འཕོའི་ཕུག་ལམ་ལ་ཕ་བོང་རེ་རེ་བཞག་པ་ཡིན་ནའང་།
སྙན་ངག་པས་བརྗོད་བྱ་ཉི་ཚེ་བའི་ཕྱིར་དུ་འཆི་འཕོ་བྱས་ཚུལ་ནི།
གདུང་ཡུས་ཤིག་སྦྱིན་སྲེག་གཏོང་ཚུལ་ལས་མ་འདས་ལ།
གངས་སྦུབས་སུ་དུས་རབས་ཕྱེད་ཀར་ལུས་པའི་ཀེང་རུས་ཀོག་པོ་ལས།
རྣམ་ཤེས་གང་ཡང་བདེ་བླག་གིས་མ་འཕོས་པར་སུ་ཞིག་གིས་སྨྲ་སྤོབས།
 
རྣམ་ཤེས་ནི་ནམ་ཞིག་ལ་མར་མེ་བཞིན་རྒྱུན་འཆད་པར་སྙམ་ཞིང་།
ཚུལ་དེར་བསམ་མ་ཐག་དངངས་སྐྲག་གིས་སྤུ་འདར་བྱེད་པ་དེས།
འཆི་འཕོའི་འཇམ་གཉེན་ལ་རེག་དཀའ་བ་ཡིན་ན།
མུན་ནག་མུན་རྐྱང་དུ་འཚོ་བར་གོམས་པ་ནི།
ཇི་འདྲའི་སྐྱི་གཡའ་ཞིང་འཇིགས་ཡེར་བའི་ལས་ཤིག་རེད་འདུག་ཨང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕོ་བ།

2010-10-21 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།