སེམས་འགྱུ་ལང་ལོང༌།
ཞོགས་པའི་ཟིལ་བར་བརླན་པའི་རྐང་རྗེས
ཉི་ཟེར་གྱིས་ཡོངས་སུ་བསྐམས
མཚན་མོའི་པང་དུ་བཞག་པའི་མགོ་བོ
འཁྲལ་འཁྲུལ་གྱིས་རྨི་ལམ་ཕྱོགས་སུ་གཤར
བྲེལ་འཚུབ་ཀྱི་ཀློང་དུ་སིམ་པའི་མེ་ཏོག
མུན་པའི་སོ་ཁ་ནས་གློ་བུར་ཡལ
ཆུང་འདྲིས་ཟེར་བའི་ན་ཆུང་མ་དེའི་ལག་པ
སྐྲ་ལོ་རྫོབ་པོའི་གསེབ་ནས་མི་མངོན་པར་གྱུར
བདག་པོ་གཞན་གྱི་ངོ་གདོང
སྐྱེས་མ་ཞིག་གི་སེམས་ཁམས་ཀྱི་ངོས་སུ་བརླན
ས་སྲོད་ཀྱི་མི་ཚོགས་འཚང་ཁ་ཤིག་ཤིག་ངང་ལམ་ལ་ཆས
གཤར་ལམ་མི་གསལ་བའི་སྒང་གཤོངས་ཀྱི་ངོས་སུ
ཁྱོད་ཀྱིས་བདེ་སྐྱིད་ཟེར་བ་འཚོལ
ཝུ་ཆང་དམ་བུ་གང་གི་བཟི་ཁ
བུད་མེད་ཅིག་ལ་བརླན་པའི་སྣང་བ་དང་འདྲ་ཨང
སྙིང་ཉེ་བའི་མི་ཡ
འཇིག་རྟེན་གྱི་གཡང་གཟར་ངོས་སུ་བསྲིངས་པའི་ལག་པ
མེ་ལྡུམ་གྱི་འོབས་སུ་ལྷུང
ཁྱོད་ཀྱི་འཇིགས་པ་ནི་ང་ཡི་ཡང་ངོ
ནག་ལ་མཐུག་པའི་ཁ་དར་རིང་མོ
སེམས་གཉིས་སྦྲེལ་བྱེད་ཀྱི་རྨུ་ཐག་གི་སྣེ་མོ
རི་སྒང་གི་དར་ལྕོག་བཞིན་གཡུག
རུ་ཁ་ཁྱིམ་མཚེས་སུ་ཡོད་པ་དག
མེ་རི་ཆེན་པོ་དེའི་ཚབ་ཏུ་བསྐོས
རང་ཉིད་ལ་དབང་བའི་ཁང་བ་ལེབ་མོ
གླུ་གཞས་གཏོང་ས་དེ་མིན་པར་མིག་ཆུ་ཕུད་ས་དེའོ
སེམས་ཀྱི་ཞེ་འཁོན་དཀར་བོ་ཞིག་ཡིན་སྲིད་ན
དགེ་སེམས་ནི་དེ་ལས་འཕྲོས་སོ
སྙིང་ཁོང་གི་སྦུབས་སུ་ཡོད་པའི་མི
དཀར་ནག་འདྲེས་མའི་ངོས་གཉིས
ལག་པ་སྲེག་བྱེད་ཀྱི་ཆུ་འཁོལ་ཚ་ལ་དྲོད་པའོ
༢༠༠༩ལོའི་ཟླ༡༢པའི་ཚེས༢དགོང་མོ་རང་ཤག་ཏུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།