མཇུག་མཐར་གདམས་པ།(ཞར་བཀོད་གཉིས་ཡོད)
བདག་གི་ཆེས་སྙིང་ལ་རྗེ་བའི་བྱེའུ་ཁྲ་བོ།
ད་ནི་བདག་གི་ཚང་མལ་ལས་གཞན་གྱི་ནམ་མཁར་འཕུར་ཟིན།
སྔོན་ཆད་ཁྱོད་གཅིག་པུ་ལས་སུ་ལའང་དབང་མ་མྱོང་བའི་ཚང་མལ་འདི་ཁོ་ན།
ངས་ཇི་སྲིད་དུ་སེམས་ཆུང་གིས་ཉར་ངེས།
ནམ་མཁའ་ནི་མཐའ་ཡས་ཤིང་མུ་མེད་ནའང་།
ཁྱོད་ཀྱིས་གཤོག་འགྱུར་རེ་རེ་སེམས་ཆུང་གིས་བསྒྱུར་ཅིག
ནམ་ཞིག་ཁྱོད་རྐྱེན་དབང་གིས་ཐང་ཆད་པ་བྱུང་ན།
ཕྱིར་རང་གི་ཚང་མལ་ལ་ངལ་གསོ་བར་ཕེབས་ཤོག
གཏམ་རྒྱུད་ཀྱི་གོ་རིམ།
དེ་ནས་བཟུང་ངས་འཇིག་རྟེན་འདིའི་ངོ་བོ་གཞན་ཞིག་ཏུ་བསྒོམས་ཏེ།
རང་ཉིད་ལ་ལྷོད་ལྷོད་ཀྱི་གུ་ཡངས་ཤིག་ཀྱང་བྱིན་མ་མྱོང་།
ཆུ་བོ་ཐུར་དུ་འབབ་པའི་གཤོལ་མེད་ཀྱི་གཏན་ཚིགས་འདིས།
བདག་གིས་བཙན་ཐབས་སུ་བཟུང་བའི་སེམས་པའི་རྩིག་རགས་ལ།
བརྡབ་གསིག་དང་བྱབས་ཁྲུས་ལན་མང་བྱས་ཀྱང་།
ངས་ཕྱི་ཐུམ་ཡང་བཏུམས་ཀྱི་བྲང་ཁོག་ལ་བསིལ་བསེར་ཕོག་ཏུ་མ་བཅུག
ངས་མཚམས་ལན་རེར་ནམ་མཁར་བལྟས་ཤིང་ལན་རེར་ས་གཞིར་བལྟས།
དེ་ནི་ཚོར་བ་ཡོངས་སུ་བསྡམས་རྗེས་ཀྱི་སེམས་ཁྲལ་ཉི་ཚེ་བ་ཡིན་སྲིད།
སད་པར་དཀའ་བའི་རྨི་ལམ་རིང་མོ་ཞིག་ལ་སེམས་འཁོར་ནས།
མུན་པ་ནས་མུན་པའི་ཕྱོགས་སུ་ཐིམ་དགོས་པའང་།
ང་ཚོ་ཐུན་མོང་གི་ཕུགས་འདུན་དེའི་མཇུག་འབྲས་ཅི་ལ་མིན།
ལོ་ཟླ་ཉིན་ཞག་གིས་རྨེག་མེད་དུ་ཟོས་ཤུལ་ན།
ཉིན་མཚན་ཁོར་མོ་ཡུག་ཏུ་སྒོམ་འོས་པ་གང་ཡོད།
སྐྱོ་གདུང་གི་སྒྲིབ་གཡོག་ཅིག་གིས་དམ་པོར་གཡོགས་པའང་།
ཁེར་རྐྱང་གི་འཚོ་བ་རོལ་དྲགས་པ་ཙམ་གྱིས་ག་ནས་ཡིན་ཏེ།
རི་ལུང་འདིའི་ཁ་ནང་མིག་ནང་དུ་འཐིབས་པའི་དུད་སྨུག་རྫོབ་པོ་དེ་ཡང་།
ངས་མགོ་དཀྲིས་བཤིག་མི་འདོད་པའི་རྒྱུ་རྐྱེན་དུ་གྱུར་ཡོད།
རེས་གསལ་རེས་ཡིབ་ཀྱི་མཛེས་སྡུག་ཉག་ཕྲ་བ་དེ།
སེམས་པའི་གཏིང་རུམ་དུ་གཏན་གྱི་གཏེར་དུ་སྦས་དུས།
ང་ནི་དགུན་ཉལ་བྱས་པའི་འཕྱི་བ་དག་དང་འདྲ་བར།
གནམ་བརྡིབ་ཀྱང་མི་འཇིགས་པའི་སྤོབས་པ་མཐོ་བར་བཏེགས་ཡོད།
དེ་ནས་བཟུང་ལྷག་ཏུ་གྲང་བས་གཟིར་སོང་བ་ཡིན་ནམ།
ང་དམར་འབར་བའི་མེ་འོབས་སུ་མཆོངས་པར་འདོད་ཅིང་།
དེ་ནས་བཟུང་ལྷག་ཏུ་ཚ་བས་གདུང་བ་ཡིན་ནམ།
ང་བརྒལ་བར་དཀའ་བའི་རྒྱ་མཚོའི་མུ་ཁྱུད་དུ།
སྟངས་སྟབས་མྱུར་བའི་ཆུ་རྩེད་ལ་རོལ་འདོད།
ལོ་དེ་ལ།
འབུ་སྲིན་འགའ་བྲེལ་འཚུབ་ལང་ལོང་གིས།
ཟ་འཕྲོར་ལུས་པའི་ཤིང་ཏོག་ཅིག་གི་ཚི་གུ་ལས་ངོ་ཕྲད་ཅིང་།
ཁོ་ཚོ་སུ་ལའང་ངོ་མཚར་བའི་འདས་སོང་གི་གཏམ་རྒྱུད་ཡོད་པས།
ཉེ་འཁོར་གྱི་གྲག་འགུལ་ལ་རྣ་བ་གླགས་མ་འདོད།
གར་ཡོང་མི་ཤེས་པའི་རོལ་དབྱངས་སྙན་མོ་དེས།
སྐྱེ་འགྲོ་ཐམས་ཅད་ཀྱི་རྣམ་ཤེས་ལ་གཙང་ཆབ་བྲན་ཞིང་།
ཆེས་རྒྱང་ཐག་རིང་བའི་འོད་ཀྱི་ཞིང་ཁམས་ལ་བསུ་སྦྲེང་ཞུ་དུས།
རང་དབང་ལྷ་མོའི་དར་ཆ་དེ་གཡུག་གཡུག་གཏོང་མི་འདོད་པ་སུ་ཡོད།
འབུ་སྲིན་ཚོར་ཚི་གུ་ལས་བདུད་རྩི་ཐོབ་ཅིང་།
བདུད་རྩི་མཆོད་ཀྱིན་མཆོད་ཀྱིན།
གོམ་པ་འཁྱར་འཁྱོར་འགའ་ཡང་སྤོ་འགོ་བརྩམས་པས།
ཁོ་ཚོ་ཐོན་ས་དེ་གང་ཡིན་ནམ།
ཡང་ན་ཁོ་ཚོ་ལྷུང་ས་དེ་ཡང་གང་ཡིན་ནམ།
རྩོམ་ཁུངས། ངེད་དྲ་བ།