ལོ་རྒྱུས། དྲང་བདེན།
འདྲི་ཚིག་རེ་ཀླད་པར་འཁོར་འོངས་དུས
ནམ་ཡང་ངའི་མིད་པ་ནས་འགག་དགོས་པ་དེ་ཁྱོད་ཡིན་ཨང་
ནོར་བུའི་བང་མཛོད་ཅིག་གི་གསང་ལམ་རྟོགས་པ་ནས
ངས་གསེར་ནག་གི་མདའ་མོ་དེ་རྙེད་ཟིན་ཀྱང་
གཞན་གྱི་མཐོང་ལམ་དུ་འགྲེམས་མི་རུང་སྟེ
ཅི་ལྟར་འགྲེམས་འདོད་ཀྱང་
ཞིབ་ཏུ་བསམ་ན་རང་རང་གི་བགོས་སྐལ་ཞིག་ཏུ་གྲུབ་ཡོད་མོད
བཙལ་འདོད་དུས་རྙེད་མི་ཐུབ་པའང་ནོར་བུའི་ཁྱད་ཆོས་རེད་ཨང་
ནམ་ཞིག་ནོར་བུའི་བང་མཛོད་ཀྱི་སྒོ་གླེགས་རྡུང་ཐུབ་པ་བྱུང་ཚེ
ཁྱེད་ཚོས་ཆེན་པོ་ཞིག་རྙེད་ཟིན་པ་ཡིན་མོད
རྟོགས་མི་སྲིད་པ་དེ་ཁོ་བོའི་སེམས་ཀྱི་ཁུར་པོ་ཞིག་སྟེ
སུ་ཞིག་གི་རེ་བ་འགག་ནས་
འཆར་འགོད་གང་ཞིག་མངོན་དུ་གྱུར་བ་ཡིན་པས་སོ
ང་ལྷ་སྒྲུང་ལྟ་བུའི་རྩིགས་ལྡེབས་ལ་རེག་ནས
ཡོད་མྱོང་བའི་མཚར་སྡུག་གི་མཛེས་པ་མྱོང་དུས
ངས་ཅིས་ཀྱང་བདེན་པ་གླུ་རུ་ལེན་འདོད་ལ
ཅིས་ཀྱང་སྐྱོ་བ་མིག་ཆུར་སྦྲུམ་འདོད
ཡིན་ཡང་གཙེས་དྲགས་པའི་དབང་རྟེན་འདིའི་ཀོང་བུར
འཁྱིལ་ཙམ་འཁྱིལ་ཙམ་བྱེད་པ་ལས
རྫ་མགོའི་སིལ་བ་ལྟ་བུའི་བརྙོག་མེད་པའི་ཐིགས་པ་དྭངས་མོ་ཞིག
སྐྱི་པགས་དྲོན་མོའི་ངོས་སུ་ཟགས་མི་རུང་བ་རེད་ཨང་
ངུས་མྱོང་བའི་སེམས་པ་འདིའི་མིག་ཆུ་ནི་མིག་ཆུ་དངོས་ཡིན་པས
སྔོན་ཆད་ནས་རེག་འདོད་ཀྱི་འདུན་པ་ཇི་ལྟར་ཆེ་ནའང་
རེག་ཏུ་མི་བཏུབ་པ་འདི་ནི་ངས་མྱོང་གིན་པའི་སྐྱོ་བ་རེད
མྱོང་བ་ངོ་མ་དེའི་སླད་དུ
འཚོ་སྟངས་ཕལ་བ་དེ་བསྐྱུར་ནས
སྐྱེ་བ་གཞན་ཞིག་གི་རྨུ་ཐག་ལ་འཇུས་ཏེ
བར་དོའི་བྲང་ཁོག་གཤག་པར་འདོད་མོད་
མཐར་གཏུགས་ན་དེ་ནི་ཉིས་ཤད་བཞག་ཟིན་པའི་རྫོགས་ཚིག་ཅིག་དང་
སྤྱི་སྡོམ་བྱས་མེད་པའི་མཇུག་བྱང་ཞིག་ཏུ་འགྱུར་ངེས་པས
ངས་རིགས་རྒྱུད་འདིའི་ཚེ་སྲོག་སླར་ཡང་བྲག་རི་བཞིན་བསླངས
རྣོ་ལྕགས་བཞིན་བརྡུངས་
རེ་བ་དམ་པོ་ཞིག་གི་སྒྲོན་མེ་སྐོང་བུར་བཏེགས་ནས
བང་མཛོད་ཀྱི་ལམ་ཁ་བསྟན་ཟིན་དུས་
འཚོལ་ཞིབ་པ་དུང་གི་རུས་རྐང་ཅན་ཞིག་
ངས་མ་བཙལ་བ་མིན་ཀྱང་མ་རྙེད་པ་ཡིན
འགྱུར་སླ་བའི་ཁོར་ཡུག་འདི་ན་མ་མཆིས་པ་ཡིན
དེ་བས་རྔམས་པ་རིང་པོ་ཞིག་གི་སྔུན་མཐུད་ནས
མགྲིན་པ་བརྣངས་བཞིན
རྙིང་འདུག་པའི་གསེར་གྱི་མདའ་མོ་དེ་སླར་ཡང་
སུ་ཚང་གི་སྒམ་དུ་བསྡུ་དགོས་བྱུང་
རྩོམ་ཁུངས། ངེད་དྲ་བ།