ཁྱོད་ཕྱོགས་སུ་བགྲོད་སྟངས།
མདང་དགོང་གི་རྨི་ལམ་དེའི་དབང་གིས
ངས་ནམ་མཁར་མི་ཤོང་བའི་རྨི་ལམ་གཞན་ཞིག་དྲུད་ནས
སྐྱ་རེངས་མ་གྲག་སྔོན་ལ
ཁྱོད་ཀྱི་གཡའ་དག་པའི་ནམ་མཁར་སྙེག་གིན་ཡོད
ཁོད་ཡངས་པའི་ས་གཞིར་སྙེག་གིན་ཡོད
ན་ནིང་སྟོན་མཇུག་བསྐྱུར་བའི་ཁ་དན་ཁྱེར་ནས
ད་ལོའི་དཔྱིད་ཀར་བཞག་པའི་སེམས་ངལ་ཁུར་ནས
ཁྱོད་ཀྱི་ཕྱོགས་སུ་མཐོ་ས་ནས་མཐོ་སར་སྙེག་གིན་ཡོད
ལོ་ཟླ་འདི་ཁ་སང་ཤུགས་ཀྱིས་གཡུགས་པའི་རླུང་བུ་དེ་དང་འདྲ་སོང
ཏག་ཏག་སྟོན་མཇུག་འདིར
ལྷོ་རུ་ཕྱོགས་པའི་ཁྲུང་ཁྲུང་ཁེར་འཕུར་དེ་ང་ཡིན
འཁྱག་ལ་འབྱར་བའི་ཉ་མོ་ཁེར་འགྲོ་དེ་ང་ཡིན
ཡིན་ཡང་/ རྒྱུ་མཚན་ཡོད་མེད་ཀྱི་མཚམས་ནས
ང་སྔར་བཞིན་ཁྱོད་ཕྱོགས་སུ་བགྲོད་ཀྱིན་ཡོད
བགྲོད་ཚུལ་འདི/
སུས་བྲང་གཞུང་ལ་འཐེན་པའི་རྨི་ལམ་དང་མངོན་སུམ་གྱི་བར་ཐག་ཡིན
མེ་ཏོག་རྐང་གཅིག་ཆར་ཆུ་དང་ཉི་འོད་ཀྱིས་བསྐྱངས་པའི་གོ་རིམ་ཧྲིལ་བོ
དེའི་ཕྱོགས་སུ་རྣ་བ་བླགས་ཤིང་མིག་ཟུང་ཅེར་བའི་ཉིན་ཞག་ཁོར་མོ་ཡུག
རྒས་ཟིན་པའི་དབྱར་གཞུང་ཞིག་གི་ལོག་ཕེབས་ལ་སེམས་པ་གློན་གྱིན
རྒྱང་རིང་རྒྱང་རིང་གི་ཁྱོད་ལ་འཕྲད་ཕྱིར
རང་ཉིད་རྒས་མི་སྲིད་པའི་དམ་བཅའ་བསྣམས་ནས་ཁྱོད་ཕྱོགས་སུ་བགྲོད་ཀྱིན་ཡོད
ནམ་ལངས་ཐལ
ཞོགས་ཀའི་དྲོད་ལམ་ལམ་གྱི་ཉི་ཟེར་དང་ལྷན་དུ
སྒོ་དང་སྒེའུ་ཁུང་ཡངས་པོར་ཕྱེ་དང
ཁྱོད་ཀྱི་མཁའ་དབྱིངས་སུ
ཕྱི་གསལ་ནང་གསལ་གྱི་སྤྲིན་པ་ཞིག་རྒྱུ་བ་དེ་ང་ཡིན
ཁྱོད་ཀྱི་མཐོང་ལམ་ན
ཕྱི་གཙང་ནང་གཙང་གི་ཆུ་ཕྲན་ཞིག་རྒྱུ་བ་དེའང་ང་ཡིན
རྩོམ་ཁུངས། ངེད་དྲ་བ།