ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།
དགེ་བའི་དཔལ་ཡོན་ཀུན་ལ་མངའསྒྱུར་ཞིང༌།།
མི་རིགས་བླ་སྲོག་སྐྱོང་བའི་མཁན་པོ་ཞེས།།
གསེར་གྱི་ལྭ་དང་དངུལ་གྱི་ཐོབ་མནབས་པ།།
ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།།
དད་པའི་སྨོན་ལམ་རིང་མོ་ཁྱེད་ལ་འདེབས།།
རེ་བའི་མིག་ཟུང་བརྒྱ་སྟོང་ཁྱེད་ལ་གཏད།།
ཡིད་ཆེས་མེ་ཏོག་ཁྲི་སྟོང་ཁྱེད་ལ་འབུལ།།
ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།།
རྒྱུ་འབྲས་ཆུ་ཤིང་བཞིན་དུ་འདོར་བ་ཁྱེད།།
བདེན་དོན་རྩྭ་སྐྱ་བཞིན་དུ་སྤངས་པ་ཁྱེད།།
སྙིང་རྗེ་ཤོག་རྐྱང་བཞིན་དུ་གཤགས་པ་ཁྱེད།།
ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།།
བག་མེད་ཆང་དང་དུ་བས་བདུགས་པ་ཁྱེད།།
ལེ་ལོ་གཉིད་དང་གཡོ་སྒྱུས་བསླད་པ་ཁྱེད།།
ཤེས་མེད་རྫུན་དང་ལབ་ཀྱིས་སྤྲས་པ་ཁྱེད།།
ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།།
ཞོགས་པའི་ཉི་གཞོན་བསུ་མཁན་ཁྱེད་རང་ཡིན།།
དགུང་ཁའི་འབྲས་བཟང་བསྡུ་མཁན་ཁྱེད་རང་ཡིན།།
མ་རིག་མུན་པ་སེལ་མཁན་ཁྱེད་རང་ཡིན།།
ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།།
འདས་པའི་སྐྱིད་སྡུག་འཆད་མཁས་ཁྱེད་རང་ཡིན།།
མ་འོངས་བདེ་དྲོད་སྟོན་མཁས་ཁྱེད་རང་ཡིན།།
དུས་གསུམ་རྗེན་པར་བསྙད་མཁས་ཁྱེད་རང་ཡིན།།
ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།།
རིགས་ཞེན་ལ་རྒྱ་སྙིང་ནས་མ་འདོར་ལགས།།
ཕྱི་རོལ་ཟང་ཟིང་སྒྱུ་ཡིས་མ་འཁུར་ཅིག།
རིག་པའི་གསེར་ཆུ་བཏུང་བར་མ་ཚིམ་ཤིག།
ལྷག་བསམ་དང་དུ་ལོངས་དང་དགེ་གྲོགས་ལགས།།
རྩོམ་ཁུངས། ངེད་དྲ་བ།