ནམ་མཁའི་མདུན་དུ་ལངས་པའི་གྲིབ་མ །
སྔོ་སང་གི་ནམ་མཁའི་མདུན་དུ
ང་ལངས་ནས་ཡོད
ངའི་གྲིབ་མ་ས་ལ་བསྣར
ཡུད་ཙམ་ནས
ངས་རང་གི་གྲིབ་མ་ལ
“ང་གཏོང་རོགས་མཛོད་ཅིག”
ལྡེམ་ལྡེམ་བྱས་བྱུང
མཚོ་ངོས་སུ་ཤོར་བའི་རླབས་རིས་ཤིག
གཤོག་པ་ཐོགས་ཡོད་པ་དང་མི་འདྲ་བར
ང་སྔར་བཞིན་ས་རུ་ལས་འདུག
མདུན་གྱི་རི་བོ་དང་རྫིང་བུ་ངའི་ཕྱོགས་སུ་ལྷུང
ཡང་ན་ངའི་གྲིབ་མ་མདུན་དུ་རྒྱུ
གློ་བུར སྤྲིན་རྒྱབ་ནས་གླག་རྒོད་འཕུར་བས
རོལ་དབྱངས་ཆག་རོ་འགའ་ས་རུ་འཐོར
སྤྲིན་པའི་སོ་ཁ་ལ་མེ་ལྕེ་སྦར་ནས
འབུ་མེ་ལྕེབས་འགས་ཀྱང་རང་སྲོག་བློས་བཏངས
སྡོང་མགོ་ལ་འགོས་འགོས་ནས
སིལ་ཏོག་གཅིག་པོར་རྩེབས་ལ་ཡོད
རླུང་བུ་ཞིག་བརྒྱུགས་ནས
སིག་ཏོག་འདམ་ནང་དུ་དྲིལ་སོང ངའི་གྲིབ་མ་དང་མཉམ་དུ
ངའི་གྲིབ་མའི་མགོ་བོ་མཐོན་པོ
ལམ་འགྲོ་བའི་རྐང་འོག་ཏུ་འཕགས་ཀྱིན་འདུག
ངས་ལམ་འགྲོ་བར་བལྟས་ནས་འཛུམ་ཙམ་བྱས
གྲིབ་མའི་ང་ལ་ཅེར་ནས་འཛུམ་ཙམ་བྱས
འོད་ཟེར་གྱི་ཉེ་སར་བཏུད་ཚེ
ང་རང་ཇེ་ཆུང་ནས་ཇེ་ཆུང
ངའི་གྲིབ་མ་ཇེ་ཆེ་ནས་ཇེ་ཆེ
གཡས་དང་གཡོན་དུ་བལྟས་བས གྲིབ་མ་ངའི་ཕག་ཏུ་སྦས
དེ་ནས་བཟུང་ང་འོད་ཟེར་དང་གྲིབ་མ་གཉིས་ལ་སྡང
ངས་སྐད་མགོ་ཇེ་མཐོར་བཏང་ནས
“ང་གཏོང་རོགས་མཛོད་ཅིག”
ངའི་གྲིབ་མ་སྡོང་མགོར་འགོ་ཡིན་འདུག
ང་སིལ་ཏོག་ཞིག་དང་མཉམ་དུ་འདམ་ནང་དུ་ལྷུང
ཞོགས་པར ང་ནུབ་ཕྱོགས་སུ་བྲོས
གྲིབ་མ་ངའི་སྔོན་ལ་ཐོན་འདུག
འོད་ཟེར་གྱིས་བསྲེགས་པའི་རྔུལ་ཆུ་རྡོག་གཅིག་གིས
མདུན་གྱི་རྒྱ་མཚོ་ཧྲིལ་བོ་བརླན་པར་བྱས
མཚོ་འགྲམ་དེད་ནས་བྱང་ཕྱོགས་སུ་སོང
རྩ་ཐང་ཞིག་ནས་གྲིབ་མའི་སྟེང་ལ་གཅིན་པ་བཏངས
ཡིད་དུ་འོང་བའི་མེ་ཏོག་ཚོམས་བུ་ཞིག་གྲིབ་མའི་འོག་ན་གུག་གུག་བྱེད
ངལ་དུབ་པར་གྱུར་རྗེས་ང་བྱེ་ཐང་དུ་ཐོན
གྲིབ་མའི་སྟེང་དུ་བསྣར་ཏེ་གཉིད
གཉིད་ལས་སད་སྐབས
གྲིབ་མ་ངའི་གམ་གྱི་རྐུབ་སྟེགས་སྟེང་ཉལ་སྡོད
ང་རང་བྱེ་ཐང་སྟེང་གཡུགས་འདུག
དེ་མ་ཐག་ཁོང་ཁྲོ་ཞིག་ལངས་བྱུང
མཚན་མོར་གྲིབ་མ་གང་དུ་ཡོད་པ་མི་ཤེས
རང་སྟེང་དུ་ཉལ་ཡོད་ཀྱང་སྲིད
ཡང་ན་གང་ཞིག་ན་སུ་ཞིག་གི་བྲན་ནམ་བདག་པོ་བྱེད
ཞོགས་པར མགོ་བོ་ཡར་ལ་དགྱེ་དུས་གྲིབ་མ་འང
སུ་སྔོན་ལ་སད་པའང་མི་ཤེས
“ནམ་ཞིག་གྲིབ་མས་ང་བརླགས་འགྲོ་སྲིད་ཨང”
དྲན་མ་ཐག་མཚོ་འགྲམ་དུ་བརྒྱུགས
གྲིབ་མ་མཚོ་ནང་དུ་གཡུག་རྗེས
སྔོ་སང་གི་ནམ་མཁའི་མདུན་དུ
ལངས་ནས་བསྡད
ད་ནི་གྲིབ་མ་མཚོ་སྲིན་གྱིས་ཟོས་ཚར་ཡོད་དམ
ང་རང་འོད་ཟེར་གྱིས་ཟོས་སོང
༢༠༡༠ལོའི་ཟླ༡༢བའི་ཚེས༠༢ལ།
རྩོམ་ཁུངས། ངེད་དྲ་བ།