སྙན་ངག་གི་སྐྲ་ལོ་གཟེང་ཚུལ།
ཡབ་མེས་ཀྱི་དུར་སྒམ་ན་ལུས་པའི
གླེགས་བམ་གསེར་བྲིས་མ་སྟེ
ཁྲག་དྲོན་གྱིས་སྦགས་པའི་ཡིག་འབྲུ་རེ་རེས
རུས་རྐང་ལས་བཞུར་བའི་སྙན་ངག་གི་གདུང་ཚོར་སྦྱིན་སྲིད
དེ་དུས གོ་སྐབས་ཀྱི་རང་དབང་མེད་པའི་ལོ་ཟླའི་འཁོར་སྐྱོད་འོག
བདག་དང་བཅས་པའི་ཡུལ་གྱུར་ལ་མོས་པའི་རྣམ་ཤེས་དེ་དག་གིས
མཁོ་དྲགས་པའི་བདེ་སྐྱིད་ཀྱི་བུམ་ཆུ་འཐུང་འདོད་ཀྱང
ལག་པ་དང་ལག་པ་སྦྲེལ་མཚམས་སུ
སེམས་པ་དང་སེམས་འགྱུའི་འདྲེས་གོམས་ལྟར
འདུན་པ་ཐ་དག་མནར་གཅོད་ཀྱིས་བསླུས་ཡོད་སྐད
སྨྲ་བརྗོད་བྲལ་བའི་ཉེན་བརྡ་དེའི་གནས་སྟངས་ལས
ཨུ་ཚུགས་ཀྱི་བདེན་ལུགས་རེ་རེ
ཁེར་ཧྲང་གི་ཉིན་སྲིབ་ལ་གླན་པའི
དཀོན་མཆོག་གི་ལྷག་བསམ་དང་མཚུངས་པའི
སྙན་ངག་གི་རོལ་ཚོགས་ཤིག་གམ
ཁ་བ་དང་མཉམ་དུ་རྩེན་པའི
མཐོ་སྒང་གི་སྐྲ་ལོ་གྲངས་མེད་ཅིག
2010.11.29
རྩོམ་ཁུངས། ངེད་དྲ་བ།