འཁོར་བ་འཚོལ་བ།
སྡོང་བོ་ཞིག་གི་སྐྱིབས་སུ
ལོ་མ་གསུམ་ཙམ་གྱིས་སྤྱིལ་བུ་ཞིག་བཟོས་ཤིང
དེ་ལ་སྡོམ་ཐག་གི་པ་ཊ་ཞིག་ཐེན་ནས
རང་ལ་འོས་ཤིང་འཚམ་པར་སེམས་མོད
ཞིབ་ཏུ་འདང་བརྒྱབས་ན་དེ་ཡང་རླུང་གིས་ཁུར་ཙམ་དུ་གནས་རྐྱེན
འཁོར་བ་བརྟན་པོ་ཞིག་ལར་ནས་མིན་པས
རང་ལ་འཚུབ་ཆ་བཟོས་འོང
ཆུ་བོ་ཞིག་གི་འགྲམ་ནས
རྡེའུ་དཀར་ནག་རེ་འགའ་བསྒྲིགས་ནས
སྒྱིད་པུ་གསུམ་གྱི་ཅ་ག་བྱས་ཏེ
འཁོར་བ་ནི་འདིའོ་སྙམ་ནས་སེམས་ཤུགས་འཆང་ཡང
འཁོར་ཐག་གི་སྣེ་མོ་ཆུ་བོའི་གཞུང་ལ་འདྲེས་ཤིང
ཆུ་བོ་དེ་ཡང་རྒྱ་མཚོ་ཆེན་པོ་ལ་འཐིམས་འགྲོ་བས
མཐར་གཏུགས་ཚེ་ཆུ་བོ་ནི་ཆུ་བོ་ལ་འཐིམ་གྱིན་འདུག་ན
འཁོར་བ་ནི་ཆུ་བོའི་ལྡོག་གཟུགས་ཤིག་ལས་གང་དུ་བཙལ
སྒེའུ་ཁུང་ལ་མིག་ཟུང་བསྲིངས་ཏེ
སྤྲིན་པ་བལ་དཀར་འདྲ་བ་ཞིག་གདོང་ལ་འགེབས་ཀྱིན
ཞོགས་པའི་ཆུ་ཟིལ་ནི་འཁོར་བའི་མཛེས་སྡུག་ཏུ་བལྟས་ཀྱང
ཉི་ཟེར་དང་འདྲ་བའི་བུ་ཕྲུག རྩི་ལྗོན་དང་འདྲ་བའི་ཆུང་མ
སླར་ཡང་བསེར་བུས་རྡེག་ཅིང་འོང་ཚེ
ཡོམ་ཙམ་བྱེད་པའི་འགྱུར་བ་དང འདར་ཤུགས་རྒྱག་པའི་ངང་ཚུལ་གྱིས
ང་ཡི་འཁོར་བ་ནི་གང་ན
རྩོམ་ཁུངས། ལྷམ་ཀོག་གི་པོད་ཁུག