ཁྭ་ཏ།
ཉམ་ཆུང་མི་ཡི་འཚོ་བའི་ཁ་སྟབས་གཉོམ་པོ།།
ལས་ཀྱི་བསྐོས་ཐང་དེ་ཡི་ཁ་ལ་བཏབ་ནས།།
རྒྱང་གི་རི་གྲོང་སྐྱ་བོའི་རྣམ་ཐར་ཀློག་པ།།
ལྷིང་འཇགས་མཚན་ལྗོངས་ཤིག་ཏུ་ཨེ་ཡོང་བསམ་ཡོད།།
རེ་སྟོང་རྨི་ལམ་རིང་མོ་ཐལ་བས་ཟས་སོང་།།
སྙིང་གི་ཞི་བདེའི་སྒྲོ་གཤོག་གྲི་ཡིས་གཏུབ་སོང་།།
སུན་གཙེར་བྲག་ལ་འཆའ་བའི་མུ་ཅོར་རེ་རེས།།
བདག་གི་ཁོར་ཡུག་མུན་པའི་འོབས་སུ་བྱས་སོང་།།
མུན་པའི་སྒྲོ་ཐུལ་དེ་དྲོད་ཁོལ་མེད་དམ།།
སྤྲང་བོའི་ཉལ་སའི་ནང་ནས་ཅི་ཞིག་ཚོར་སོང་།།
འབུ་ནག་འཐུ་བའི་ལས་ལ་བྲོ་བ་མེད་དམ།།
འཁྱམ་པོའི་ཕོར་ཆག་ཟད་པོར་འཁོར་དོན་ཅི་ཡིན།།
ཚུལ་མིན་བྱ་བས་སེམས་པ་དཀྲུག་པ་མ་གནང་།།
གནོད་ལན་འཛུམ་གྱིས་བསུ་བའི་བྱང་སེམས་ང་མིན།།
ངན་སྨྲས་ཨག་སྐད་གཟན་པོས་ཁོར་ཡུག་མ་དཀྲོགས།།
རྣ་དབང་ནད་གྱིས་ཉམ་པའི་འོན་པ་ང་མིན།།
རིག་རིག་མིག་གིས་འཚོ་བར་དཔྱོད་དགོས་མི་འདུག།།
བབ་ཐོབ་སྐལ་བས་ལྟོ་བ་འགྲང་ཐབས་ཙམ་ཡིན།།
ཀྱག་ཀྱོག་རྣ་བས་གསང་བ་འཚོལ་དགོས་མི་འདུག།།
ནང་གི་དེ་ཉིད་ཕྱི་ཡི་སྤྱོད་པས་བྲིས་ཡོད།།
ཡུན་རིང་གོམས་པར་སྦྱངས་བ་སླེབས་པ་ཡིན་ནམ།།
གཞན་གྱི་སུག་རྗེས་འབྲངས་ལ་ངལ་བ་མི་འདུག།།
སྔོན་གྱི་ལས་དབང་བཙན་པོའི་ཁ་སྟབས་ཡིན་ནམ།།
འདབ་ཆགས་བྱ་ཡི་འཚོ་སྟངས་རྨང་ནས་འགྱུར་འདུག།།
སེམས་ཀྱི་ཧམ་པ་གཞན་གྱི་འཚོ་བར་སྲེད་ནས།།
བྱ་ཡི་རྣ་གཤོག་ཁྱི་ཡི་རྐང་བར་མ་འདོགས།།
རང་ཡང་གཤོག་ཐོགས་ཡིན་པའི་ང་རྒྱལ་ཁྱེར་ལ།།
རང་གི་ནམ་མཁར་འཕུར་རོགས་ཁྭ་ཏ་ནག་ཆུང་།།
༢༠༡༠ལོའི་ཟླ༣ཚེས༢༡ཉིན་རང་ཤག་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།