རོལ་རྩེད་ཀྱི་རི་མོ།
འཇམ་སྙན་རོལ་དབྱངས་ཀྱི་རེག་བྱ་འཇམ་པོ།།
རྣ་འཇོག་གོར་མོ་འདིས་གཏིང་ལ་ལྷུང་ཡང་།
སེམས་པ་རྩོམ་པོ་འདི་རྡོ་བཞིན་གྱོང་བས།།
གཤིས་པ་འཁྲེགས་པོ་དེ་སྡུག་གཏད་འདུག།
ཉོན་མོངས་དགྲ་བོ་འདིས་རང་རྒྱུད་བསྲེགས་ནས།།
འདོད་པའི་ཆུ་བོ་ཡང་རབ་ཏུ་བྲུག་སྟེ།།
ང་རྒྱལ་ཕྲག་དོག་གི་མེ་ལྕེ་དམར་བོས།།
ནང་མཐུན་སྟོབས་ཀྱིས་རང་འབྱུང་ས་མ་རེད།།
རང་ལ་རྣམ་དཔྱོད་ཀྱི་ཤེས་རབ་མེད་ན།།
བདག་འཛིན་གདོན་འདྲེ་འདིས་ཤེད་ཤུགས་ཆེ་ཞིང་།།
མུན་པ་ནག་པོ་འདིས་གཏིང་མཐའ་ཟབས་པས།།
རིག་པའི་འཕྲུལ་འཁོར་འདི་དམ་ལ་བཏེགས་འདུག།
འཁོར་བའི་སྡིག་དོང་འདི་ཁ་ཡངས་ཁོད་ཡངས།།
སྡིག་པའི་གྲོགས་པོ་དེ་ཁ་ཡག་ཁོག་རྩོགས།།
འཛུམ་དགོད་ཉུལ་ལུ་ལུ་རྩིབ་ལ་ཐོན་དུས།།
སེམས་པ་རླུང་གཤོག་འདི་རྙི་ལ་སྐོར་བཞག།
དྲན་རིག་འཕྲུལ་ཤེས་ཀྱི་རྩལ་ཅིག་མེད་ན།།
སྤྱི་ཚོགས་རྫོབས་པོ་འདིར་ཞུགས་རྒྱུར་དཀའ་བས།།
ཀླད་པ་གསལ་གསལ་རེ་བྱེད་རྒྱུ་མེད་ན།།
རང་གར་འཁྱམ་འཁྱམ་ལ་འགྲོ་རྐྱང་མ་རེད།།
ལས་དང་བསོད་ནམས་ཡང་བསགས་རྒྱུ་ཡོད་རུང་།།
སྔོན་ལས་སྔོན་ལས་རང་ཟེར་རྐྱང་མ་རེད།།
དེང་རབས་ཁྲམ་པ་ཚོས་རེ་སྒུག་བྱེད་ས།།
རེ་བ་ཁྱོད་དང་ནི་ང་ཡང་ཡིན་སྲིད།།
ཟི་ལིང་བོད་མི་ཡི་ཁྲོམ་ལ་རྫོབས་ཆེ།།
རྐུན་མ་ར་བོ་ཚོའི་རིག་པ་འཕྲུལ་ཆེ།།
བོད་རྒན་བསམ་བཟང་ཚོའི་སེམས་པ་རྡུབ་ཆེ།།
སྒོར་རྡོག་འགའ་བོ་དེ་བླངས་དུས་གྱོང་ཆེ།།
ཀུ་རེ་མཚར་གཏམ་དང་ལྷན་ཏུ་འཕྱུར་བས།།
སྙན་པའི་ངག་རིག་གི་རོལ་རྩེད་འདི་ལ།།
བདེན་པ་ལོས་ཡིན་རེ་བསམ་ནི་ཡོད་ན།།
བདག་གི་རེ་བ་ཡང་དེ་ལས་གཞན་མེད།།
༢༠༡༠ ༡༩ ༡༣
རྩོམ་ཁུངས། ངེད་དྲ་བ།