འཆི་བ། (ཁག་བཞི་བ)
གནའ་སྔ་མོ་ཞིག་ལ
ངའི་མེས་པོ་སྟག་ལྟ་བུ་ཞིག་རི་ཆེན་ཞིག་གི་རྩེ་ནས་མཆོངས་སོང་
ངའི་མེས་པོ་གཟིག་ལྟ་བུ་ཞིག་ཆུ་ཆེན་ཞིག་གི་གཞུང་ལ་ལྕེབས་སོང
འབྲོང་དང་གཡག་ལྟ་བུའི་ངའི་མེས་པོ་མང་པོ་ཞིག་ཀྱང་
མཚོན་གྱི་དངོ་ལྟ་བུའི་ས་ཆེན་འདིའི་གཞོང་བ་ལ་ག་ལེར་འཐིམས་ཚར་སོང
ཁོ་ཚོས་རང་ཉིད་ཀྱི་སྐྱོ་དབྱངས་དེ་འཇག་མའི་ལྕེ་སྟེང་ལ་བཅོལ་བ་ནས
རི་རབ་འདིའི་ཁོང་གསེང་ནི་
མིག་ཆུ་ཁོ་ན་འཕོ་སའི་འགྱིག་ཁུག་རལ་བོ་ཞིག་ཏུ་གྱུར་སོང་
དེ་རིང་ངའི་རྣ་ལམ་དུ་ཡང་བསྐྱར་ཁ་ཆེམས་ཁངས་བཞིན་ཉིལ་སོང
དུས་ལ་མ་ཐོན་པའི་མི་མང་པོ་ཞིག་སྔངས་སྒྲ་ཧར་ཧུར་གྱིས
གཞན་གྱི་ཐུ་འོག་ལ་འཚང་ཁ་ཤིག་ཤིག་བྱེད
དོན་ངོ་མར་ང་རང་འཆི་བའི་དུས་དེ་ནམ་ཞིག་ལ་སླེབས་སྲིད་དམ
འཆི་བ་དེ་མ་གཞི་བདེ་གྲོལ་ཅིག་ཡིན་ནའང་
དེ་རིང་ང་འདི་ལྟར་ལྐུགས་པའི་ངང་འཆི་བར་མི་འདོད་དོ
ང་རང་ཁུ་སིམ་མེར་ཤི་རྗེས
ངའི་བུ་རབས་ཚ་རྒྱུད་དག་ད་ཕྲུག་ཏུ་གྱུར་སོང་བ་རེད
ངག་མི་འཁྲོལ་བའི་ལྐུགས་པ་དང་བགྲོད་མི་ཤེས་པའི་ཞ་བོར་གྱུར་སོང་བ་རེད
ཁོ་ཚོའང་རེ་རེ་བཞིན་ཤི་སོང་ན
ངའི་ཕ་རུས་གསེར་གྱི་རྐང་གླིང་ཆག་སོང་བ་རེད
ངའི་མ་རུས་དངུལ་གྱི་དིང་རུ་གས་སོང་བ་རེད
ཡོད་ཚད་ས་ཆེན་གྱི་མིད་ཐག་ལས་ག་ལེར་ཡལ་རྗེས་སུ
ང་ལ་དོན་ངོ་མར་ཅི་ཞིག་ལྷག་ཡོད་ཨང་
ད་ལྟ་ང་ལ་མཚོན་ན
འཆི་བ་ནི་དམྱལ་བའི་སླ་ང་ལས་ཀྱང་ཆེས་འཇིགས་སུ་རུང་ངོ
དམར་གསོད་ཅིག་དང་འདྲ་བའི་འཆི་བ་འདི
གཤིན་རྗེའི་གླེགས་བམ་གྱི་ངོས་སུའང་འཁྱགས་ཤི་ཐེབས་ཚར་ཡོད་ན
ངའི་བླ་རི་འགྱིང་སའི་རྟེན་ས་འདི་ ངའི་བླ་མཚོ་འཁྱིལ་སའི་གཞོང་བ་འདི
ཨ་མའི་འཛུམ་རིས་བཞིན་ནམ་ཡང་བྲང་ལ་སྦྱར་ཆོག་ཆོག་ཅིག་ཨེ་ཡིན་ནམ
2010.11.6
རྩོམ་ཁུངས། ངེད་དྲ་བ།