ཀ་མད་སུམ་ཅུའི་རེ་འབོད།
ཀ་མད་སུམ་ཅུའི་གླུ་དབྱངས་གྱེར་བའི་གངས་ཅན་བོད་ཀྱི་སྤན་ཟླ་ཚོ།།
ཁ་བ་རི་བའི་མངའ་ཐང་ཆེད་དུ་བསམ་གཞིག་མོད་པོ་མཛད་ན་སྙམ།།
ག་པར་སྐྱོད་ཡང་རང་རིགས་དོན་དུ་ལ་རྒྱའི་བརྩེ་སེམས་མ་དོར་ཨང་།།
ང་འཛིན་ལྟ་བ་དམ་དུ་བཟུང་ནས་རང་རིགས་རྐང་པ་མ་འཐེན་རོགས།།
ཅ་ཅོ་འུར་སྒྲའི་མདའ་མོ་ཁྱོག་པོས་ནང་དམེའི་གཡུལ་འཁྲུག་མ་བརྩམ་ཨང་།།
ཆ་ལུགས་མཐུན་བཞིན་དཔའ་མཛངས་འཛོམས་པའི་བླ་མེད་བཙན་པོའི་རྗེས་སུ་འགྲོ།།
ཇ་ཆང་གཅིག་པུར་རང་མགོ་འཁོར་ཏེ་རང་རིགས་བསྐྱུར་ན་ཨ་ཚ་མ།།
ཉ་ཆུ་ལྟ་བུའི་རྣམ་ཐར་སྐྱོང་སྟེ་མཐུན་སྒྲིལ་ནུས་པ་གཅིག་ཏུ་སྤུངས།།
ཏ་ལ་ལ་ཡི་སྒྲོན་མེ་ཐོགས་ཏེ་དབྱངས་གསལ་སོ་བཞི་སྦྱོང་དུ་འགྲོ།།
ཐ་དད་རིག་གཞུང་རྒྱུ་སྐར་ཁྲོད་ནས་བཅུ་ཕྲག་རིག་གནས་ལྷག་ཏུ་ཕྱུག།།
ད་དུང་ང་ཚོས་ཁྱིམ་གཞི་འདི་ལ་གཅེས་སྐྱོང་རྣལ་མ་མ་མཛད་ན།།
ན་གཞོན་མི་རབས་ཕྱི་མ་དག་གིས་འཁང་རའི་མཆིལ་འཕངས་ཉེན་གདའ།།
པ་ཕ་ཁྲིམས་མེད་ཉིན་མཚན་དུས་དྲུག་ཆང་དང་མ་ཅང་གནས་ལ་གཡེང་།།
ཕ་རོལ་བུ་ཕྲུགས་བདག་མེད་ལུས་སྟེ་མྱོས་བྱེད་དུག་རིགས་ངན་ལངས་ཤོར།།
བ་གླང་ལྟ་བུའི་བྱེད་ལས་འདི་ལ་རྒྱལ་གཅེས་ཕོ་མོ་མཆི་མ་ལྷུང་།།
མ་ཡུམ་དྲིན་ཆེན་སྡུག་གིས་མྱོས་ཅིང་འཆི་མ་འཕྲང་ནས་སྐྱོ་གླུང་ཤོར།།
ཙ་རི་རོང་སྐོར་འགྲོ་མཚམས་བཞག་ནས་རིས་མེད་གཞུང་ལ་ཐོས་བསམ་སྦྱོང་།།
ཚ་གི་ཚ་གི་ལྟ་སྣང་ངང་ནས་ས་དགེ་བཀའ་རྙིང་ཕྱོགས་རིས་མ་བྱོས།།
ཛ་དྲག་དུས་ཀྱི་ཟམ་སྣེའི་སྟེང་ནས་ཡང་ངེ་ཡང་ངེ་གནང་གིན་མ་བཞུགས།།
ཝ་མོ་བུ་མོའི་གཡོ་རྒྱུའི་འོག་ནས་མཐའ་མ་འགྱོད་པས་བཟུང་ཡོང་ངོ་།།
ཞ་སྐུད་ལྟ་བུའི་རྒྱུ་དག་བཟུང་ནས་སྤུན་ཟླའི་ལག་འདང་མ་གློད་རོགས།།
ཟ་མཁས་འཐུང་མཁས་གང་ནུས་བྱས་ཏེ་རང་རིགས་དག་ལ་རོགས་མགོན་བྱོས།།
འ་ཆད་འུ་ཐུག་ཅི་འདྲ་བྱུང་རུང་ཕ་སྐད་རྡོག་པས་མ་རྫིས་ཨང་།།
ཡ་བྲལ་གྱུར་བའི་ང་ཚོའི་ཁྱིམ་གཞི་ནམ་ཞིག་ལྷན་འཛོམས་སྐལ་བ་ལྡན།།
ར་མ་ལུག་སྐད་དང་དུ་ལེན་ནས་ཕ་སྐད་མི་འདོད་དོར་བའི་དུས།།
ལ་རྒྱའི་ན་ཟུག་ཏིལ་ཙམ་མེད་ཀྱང་མི་ཆོས་ལུགས་ལ་ངོ་གནོང་དགོས།།
ཤ་རུས་གཅིག་པའི་སྤུན་ཟླ་བསམ་ནས་རང་ནུས་ཡོད་དགུས་སློབ་ལ་བརྩོན།།
ས་མཐོའི་ཡུལ་གྱི་ལོ་རྒྱུས་རིང་མོར་དགའ་སྐྱོ་ཟུང་གི་ཚོར་བ་ལྡན།།
ཧ་གཉིད་སད་པའི་གདོང་དམར་བོད་ཕྲུག་བཅུ་ཕྲག་རིག་པའི་གནས་ལ་བརྩོན།།
ཧ་ཅང་ཟབ་པའི་ངེད་ཅག་རིག་གཞུང་མར་ངོའི་ཟླ་བའི་སྤུན་ཟླར་གྱུར།།
ཨ་མའི་ཨོ་ལོ་ཉིན་མཚན་དུས་དྲུག་བརྩོན་པའི་རྟ་ཕོར་ལྕག་གིས་སྐུལ།།
ཨ་མ་དགའ་བའི་གཏམ་བཟང་འཁྱེར་ནས་གངས་རིའི་ཁྱིམ་ལ་ཞབས་སྤྱི་སྒྲུབས།།
༢༠༡༠། ༩། ༧། དགོང་མོར་རང་ཤག་ཏུ།
རྩོམ་ཁུངས། ངེད་དྲ་བ།