འཆི་བ། (ཁག་གསུམ་པ)
དེ་རིང ནམ་མཁའ་རུ་དཔེ་ཆ་ཞིག་བསྐྱོད་བཞིན་ཡོད
དེ་ནི་སུ་ཞིག་གི་བླ་སྲོག་བསྡུ་སའི་གསེར་གྱི་སྒྲོམ་བུ་དེ་ཡིན་ངེས
དེ་ནི་སུ་ཞིག་གི་རྨི་ལམ་འགེལ་སའི་དངུལ་གྱི་དར་ཤིང་དེ་ཡིན་ངེས
དེ་རིང ནམ་མཁའ་རུ་ཡིག་འབྲུ་ཞིག་ལྡིང་གིན་འདུག
དེ་ནི་སུ་ཞིག་གི་ཤ་རུས་དང་ཟུངས་ཁྲག་གིས་བརྒྱུས་པའི་གླེགས་བམ་དེ་ཡིན་ངེས
དེ་ནི་སུ་ཞིག་གི་ན་ཟུག་དང་བློ་གྲོས་ཀྱིས་བཞེངས་པའི་སྒྱུ་རྩལ་དེ་ཡིན་ངེས
དེ་རིང ནམ་མཁའ་རུ་སྐད་ཆ་ཞིག་འཕུར་བཞིན་གདའ
དེ་ནི་སུ་ཞིག་གི་བླ་མཁར་ལས་མཆེད་པའི་ཨག་འབོད་སེང་སེང་ངེ་བ་དེ་ཡིན་ངེས
དེ་ནི་སུ་ཞིག་གི་ཡ་ཆུང་ལས་ལུད་པའི་མཆི་མའི་འབབ་སྒྲ་ཤག་ཤག་པོ་དེ་ཡིན་ངེས
ནམ་མཁའ་ཡི་བྲང་གཞུང་འདི
ཉི་ཟླའི་སྐྱོ་གར་ཁོ་ན་འཁྲབ་སའི་སྟེགས་བུ་དེ་ཡིན་ན
ས་ཆེན་གྱི་དང་ག་འདི
རྣམ་ཤེས་ཀྱི་ལྷུ་ལག་ཁོ་ན་འཐིམ་སའི་གཞོང་བ་དེ་ཡིན་ན
ས་རུ་ཤག་ཤག་ཟགས་ཀྱིན་པའི་སྡོང་ལོ་སེར་པོ་དག་གི་ཤུལ་ཏུ
རེངས་བར་གྱུར་བའི་ཡལ་ག་རལ་བོ་དག་ལས་ཡང་སྙིང་ཅི་ཞིག་ཡོད་ཨང་
ཨ དཀོན་མཆོག་ཡ
ནམ་མཁའ་རལ་བོ་འདིས་ངའི་ལྷ་བྱ་ཡི་གཤོག་སྒྲོར་བྱིལ་བྱིལ་གཏོང་སྲིད་དམ
ས་གཞི་རལ་བོ་འདིས་ངའི་བླ་ཤིང་གི་རྩ་བ་བྲག་གིས་ལྗིབས་སྲིད་དམ
རྨི་ལམ་ལས་སད་མ་ཐག་པའི་བྱེའུ་ཆུང་དག་གི་གྲེ་འགྱུར
ཁྲ་མོ་འདེབས་ཀྱི་གཤོག་རྡེབ་བར་དུ་རྩེན་པའི་རླུང་རྟ
ལྕེབས་ཐག་གི་ཁུགས་མགོར་བཀལ་བའི་ཁ་བའི་ཚོགས
ཡོད་པ་ལྟར་སྣང་བའི་འཇིག་རྟེན་འདིའི་བྱ་དངོས་མཐའ་དག
སྒྱེ་ཕད་རལ་བོའི་ཨུ་ཚུགས་ཀྱིས་ཡེ་ནས་འགོག་ཐབས་མེད་ཨང
2010.10.24
རྩོམ་ཁུངས། ངེད་དྲ་བ།