དོ་ནུབ་ང་རང་ཇི་ལྟར་སྡོད་དགོས་སམ།
དོ་ནུབ་གཉིད་ཟེར་བ་དེ་ཡོང་རྒྱུ་ནི
མགོ་ཐོག་གི་ཟླ་བ་གན་རུམ་རྒྱུ་ལས་ཀྱང་དཀའ་བར་འདུག་པས
ད་དུང་མགོ་བོ་མལ་ཐུལ་གྱིས་གཅུད་པ་ནི
རང་གིས་རང་ཉིད་བཙོན་ལ་བཅུག་པ་དང་མི་འདྲ་འམ
དོ་ནུབ་སྙན་ངག་ཟེར་བ་དེ་འབྲི་རྒྱུ་ནི
ནམ་མཁའི་སྐར་མ་གན་ཚོ་འཐུ་རྒྱུ་ལས་ཀྱང་དཀའ་བར་འདུག་པས
ད་དུང་སྨྱུ་གུ་མཛུབ་བར་ལ་བཙན་གྱིས་བཅུག་པ་ནི
བྱེ་མ་བཙིར་ཏེ་སྣུམ་ལ་རེ་བ་དང་མི་འདྲ་འམ
དོ་ནུབ་དཔེ་ཆ་ཟེར་བ་འདི་ཀློག་རྒྱུ་ནི
ལྷ་སར་བརྐྱངས་ཕྱག་གིས་འགྲོ་རྒྱུ་ལས་ཀྱང་དཀའ་བར་འདུག་པས
ད་དུང་དཔེ་ཆ་ཞིག་གི་ཁ་ཕྱེས་ཏེ་འདུག་པ་ནི
དད་པ་མེད་པའི་མི་ཞིག་གིས་ཕྱག་འཚལ་བ་དང་མི་འདྲ་འམ
དོ་ནུབ་སྒོར་མོ་ཟེར་བ་དེ་བཙལ་རྒྱུ་ནི
ཆར་རྗེས་ཀྱི་འཇའ་ཚོན་འཛིན་རྒྱུ་ལས་ཀྱང་དཀའ་བར་འདུག་པས
ད་དུང་དྲ་ཁང་དུ་འགྲོ་རྒྱུའི་འཆར་གཞི་འཐེན་པ་ནི
གཤོག་པ་མེད་པར་དགུང་ལ་འཕུར་འདོད་པ་དང་མི་འདྲ་འམ
ཨ ཨ དོ་ནུབ་ང་རང་ཇི་ལྟར་སྡོད་དགོས་སམ
སྔས་མགོར་བཞག་པའི་ཞག་སྒྲོན་དེས་ཀྱང་ང་ལ་བདེ་མོ་བཞག་སོང
མུན་་པ་ཁོ་ན་ངའི་བྲང་ཁ་ན་ལྗིད་ཏིག་གེར་གཉིད་འདུག
༢༠༡༠ ༡༠ ༢༠ ཉིན །
རྩོམ་ཁུངས། ངེད་དྲ་བ།