སློབ་ཕྲུག་ཚོ འདི་ལྟར་ང་དང་གྱེས་སོང་།
ཉི་མ་དེར། ང་ཐོག་མར་བུད་པའི་ཁྲིད་སྟེགས་དེ་ནས།
ངས་ནར་མ་སོན་པའི་བྱིས་བ་ཁག་ཅིག་ལག་མགོར་ཁྲིད་ཡོང༌།
རླུང་བུ་ལྡང་ཕྱོགས་ཀྱིས། མཚམས་རེར་ངའི་འཇིག་རྟེན་དགོད་སྒྲས་ཁེངས་ཤིང༌།
ལན་རེར། ངའི་ཡོད་ཚད་ན་ཟུག་གིས་འཁུམ།
སྐབས་དེར། ངའི་སྐྱེད་ཚལ་ན།
མེ་ཏོག་གི་འདབ་མ་གསར་དུ་བཞད་ཅིང༌།
གེ་སར་གྱི་སོ་ཕྲེང་ལྷུག་ལྷུག་དགོད་ཕྱིར།
ངས་ཆག་འཇིག་མཐའ་དག་ཀ་ཁའི་གླུ་སྐད་ལ་བརྗེས་པའི་སེམས་རྟེན་ཡིན་པ་མཐོང༌།
ཡིན་ཡང༌། སློབ་ཕྲུག་ཚོས་ད་ལྟ་ང་བསྐྱུར་ནས་བུད་སོང༌།
སེམས་པ་དང་སེམས་པའི་བར་ནས།
ཕྱི་ནང་གི་མཚར་སྡུག་ཉི་འོད་དང་འགྲོགས་ཏེ་རྔུལ་ཆུར་བརྗེ།
འཁྲེང་ཞེན་དང་སེམས་ཚེགས་ཀྱི་བར་ན།
ཁོ་ཚོ། ངའི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་བཞིན།
གཏམ་རྒྱུད་དེ་ཕ་མ་དང་བུ་ཕྲུག་གི་བརྩེ་འདང་རེད།
ལོ་ཟླ་དང་དུས་ཚོད་ཁོ་ཚོའི་ཆེད་དུ་སྐྱེལ་ཞིང༌།
མི་ཚེ་དང་མེ་ཏོག་ཀྱང་ཁོ་ཚོའི་མདུན་དུ་གཏོར།
ཨེ། ད་ལྟ།
ངའི་སློབ་ཕྲུག་ཚོ།
ང་དང་གྱེས་སོང༌།
རྔུལ་ཁྲག་ལ་བརྗེས་པའི་སེམས་ཀྱི་ཁྲག་རྩ་རེ་རེར།
བཟོད་གླགས་བྲལ་བའི་ན་ཟུག་སྐྱེས་ཨང༌།
ཅི་བྱ། ཡོད་ཚད་འཕུར་སོང་བས་སེམས་པ་སྡོད་མ་ཚུགས།
༢༠༠༨ལོའི་ཟླ༧ཚེས༡༢ཉིན།
རྩོམ་ཁུངས། ངེད་དྲ་བ།