བདེན་པའི་བུ་ཆུང་གང་དུ་ཡོད།
གསང་བའི་རྒྱ་ཕིབས་ཀྱི་ངོས་སུ།།
མི་རྟག་སྒྱུ་མ་ཡི་གར་འཁྲབ།།
བདེན་པའི་བུ་ཆུང་གི་སྣང་བ།།
མཚན་མོའི་ཁང་མིག་ཏུ་བཙུད་བྱུང༌།།
ཡོད་ཡོད་སྣང་བ་ཡིས་བཟི་བའི།།
ཨུ་ཚུགས་མཐའ་གཅིག་ཏུ་བྱས་ཀྱང༌།།
མེད་མེད་མིག་མདུན་དུ་བཤམས་ཚེ།།
ཨ་ཐང་སེམས་གཏིང་ནས་ཆད་སོང༌།།
ཟླ་བ་གོར་གོར་གྱི་གོས་ལ།།
ལག་པས་རེག་རེག་ཅིག་བྱས་ཚེ།།
སྣང་བ་ཟ་ཟི་ཡིས་ཟིན་པའི།།
ཚོར་བ་གྱ་མ་རང་གྱུ་རེད།།
ཁ་དོག་དམར་བོ་ཞིག་བཏགས་ནས།།
ཚེ་སྲོག་འདུན་མ་ཞིག་བཙལ་ཡང༌།།
སེར་བོའི་ཁྲི་ཐོག་གི་མཛེས་པས།།
ཡིད་སེམས་དབང་མེད་དུ་བཀུག་སོང༌།།
དུད་འཚུབ་དྲག་པོ་ཡི་ཀློང་ནས།།
འཚོ་བའི་ཁ་ཕྱོགས་དེ་བོར་སོང༌།།
མདུན་གྱི་མེ་ལོང་གི་ངོས་སུ།།
ཡང་ཡང་བལྟ་དགོས་རང་བྱུང་སོང༌།།
དབྱར་ཁའི་མེ་ཏོག་གི་མཛེས་པ།།
བུ་མོའི་དོ་ཟླ་ཞིག་ཉན་ནམ།།
ཆུ་མོའི་བཞུར་སྒྲ་ཡི་དོ་ཟླ།།
ཆུང་མའི་གསུང་སྙན་དེ་ལགས་སམ།།
མཁས་པའི་མགུལ་རྒྱན་དུ་བཏགས་པའི།།
ཤེས་རིག་དར་ཆ་ཞིག་འཕྱར་བར།།
བཙན་པོའི་བཀའ་རྒྱ་ཞིག་བཏང་ཡང༌།།
བརྟན་བརླིང་མི་འགྱུར་བའི་གཤིས་ཡིན།།
དཀར་ཕྱོགས་ཆུ་འཛིན་གྱི་ཀློང་ནས།།
སྡང་སྡིག་ཟུར་མིག་ཅིག་ཕངས་ཀྱང༌།།
སེམས་ཀྱི་ཤ་འཁོན་གྱི་གཞོགས་སུ།།
ཆོས་ཀྱི་མེ་འོད་ཅིག་འཁྲུངས་སོང༌།།
ཟླ་བ་ཡར་ཡར་དུ་འཕེལ་བ།།
སེམས་པ་དྲུད་དྲུད་དུ་འགྲོ་ཞིང༌།།
སྐར་མ་མར་མར་དུ་བབས་པས།།
ཆུ་མིག་ཐུར་ཐུར་དུ་བཞུར་ཡོང༌།།
རྩྭ་ལོ་འགུལ་འགུལ་དུ་གཏོང་བའི།།
རླུང་བུ་བཙན་བཙན་དུ་སྣང་ཡང༌།།
སྔགས་པའི་ཁྲོ་ཉམས་ཀྱི་གཤིས་ལ།།
འཇིགས་པའི་གུད་གུད་ཅིག་བྱས་ཡོང༌།།
ཟླ་བ་མི་རྟག་གི་ཆོས་ལ།།
འདུན་མ་བཅོལ་ས་ཞིག་མ་རེད།།
བསླུ་བྲིད་སྐྱུར་མོ་ཡི་བྲོ་བ།།
བརྩེ་བའི་འདམ་འོག་ཏུ་བྱིངས་སོང༌།།
རླུང་བུ་ཚོད་ཚོད་དུ་གཡུགས་པས།།
ཁྱིམ་གཞིས་དྲོན་མོ་དེ་དྲན་འོང༌།།
ཁ་བ་སེམས་གཏིང་དུ་ལྷུང་དུས།།
ཨ་མའི་རུམ་ཁ་དེ་དྲན་ཡོང༌།།
བརྩེ་བ་ཕར་ཕར་དུ་བསྲིངས་པའི།།
མི་རྐྱང་འཁྱམ་པོ་ཞིག་འདུག་ན།།
ཆུང་མས་བྲེལ་འཚུབ་ཀྱི་ཀློང་ནས།།
ཁ་དཀར་ངོ་འཛུམ་ཞིག་བསྟན་ཆོག།
༢༠༡༠ལོའི་ཟླ༤པའི་ཚེས༢༩ཉིན་རང་ཤག་ཏུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།