མཚན་གཞུང་གི་ཚེས་རིས།
འདར་གྱིན་པའི་རྨ་ཁ་ལེབ་མོ་ཞིག
ཁེར་རྐྱང་གི་སེམས་པ་ཕྱེད་ཀ་ཁུར་ཞིང
དོ་དགོང རྒྱ་མཚོ་དང་རི་རབ་ཀྱི་མཐོ་ས་ནས
ངའི་མཁའ་དབྱངས་སུ་རྨི་ལམ་བསླེས་སོང
གཉིད་ཀྱིས་བསྐྱུར་བའི་ཁོ་བོ
སྐབས་དེར་ཡུལ་གཞིས་ཆུང་ཆུང་ཞིག་གི་མཐའ་རུ་འགྲེང་ཡོད་ལ
མིག་ཟུང་ཡང་མཛེས་སྡུག་ཐར་ཐོར་ཞིག་གིས་ཚིམས་ཡོད
མཚན་མོའི་ངོ་གདོང་སྐྱ་བོ་འདི་མཐོང་ཚེ
སུ་ཞིག་གི་གསང་གཏམ་ཕྱི་ལ་ཤོར་བ་ཇི་བཞིན
ལྷིང་འཇགས་སུ་གནས་པའི་སྡོད་སྟངས་ལ་བྲེད་ཤ་ལངས་སྲིད
མཛུབ་མོ་གནམ་ལ་གེར་ཞིང
ཅི་ཞིག་འདྲི་འདོད་ཀྱི་སེམས་པ་སྔར་ལས་དྲག་མོད
དོ་དགོང་གི་མཁའ་དབྱིངས་ན་འཇིག་རྟེན་ཅིག་གི་ཕྱེད་ཀ་ལས་ཡོད་པས
ཁོ་བོ་འཚོལ་སྙེག་གི་ཁྲོད་ནས་ངག་རྣོང་བར་གྱུར
རི་བོ་ཅི་ཙམ་མཐོ་ཡང་ཨ་སྔོན་སྟོང་བ་ཡིན་པས
སྐྱོ་སྣང་གིས་མ་ཟིན་པའི་ཕྱོགས་ཤིག་ན
ངའི་སེམས་པ་ཡ་གཅིག་ཁེར་རྐྱང་གིས་གཏམས་ཡོད་ལ
འཇམ་ཅག་གེར་བཞུད་ཀྱིན་པ་དེ་རླུང་བུ་འབའ་ཞིག་གོ
མི་ཡུལ་གྱི་གཙང་བོར་འཁྱུད་པའི་བར་སྣང་གི་དྲན་པ་ཆག་པོ
བརྩེ་བ་ཞིག་གི་ཚུལ་གྱིས་མུན་པའི་བྲང་གཞུང་དུ་བཞུར་དུས
མིག་ཟུང་གིས་བར་ཐག་གཞལ་མི་ནུས་ལ
རེ་སྒུག་དང་འདྲ་བའི་མཚན་མོ་འདིའི་ཁུ་སིམ་ལ་བསྙེས་ཚེ
ད་གཟོད་ཡོད་ཚད་ཁ་མི་ཚང་བ་ལྟ་བུའི་ཚོར་བ་རེ་ངང་གིས་སྐྱེས་བྱུང
ལོ་ཟླ་དང་ཉིན་ཞག འདུ་འབྲལ་གྱི་ཟློས་གར་རེ་རེ
དབེན་འཇགས་འདིའི་ངོགས་ནས་ཕྱེད་ཀར་གྱུར་བ་མཐོང་ལ
གཉིད་ཀྱིས་བསྐྱུར་བའི་ཁོ་བོའང་ཕྱེད་ཀར་འགྱུར་བཞིན་པ་ཚོར་བྱུང
༢༠༠༨ལོའི་ཟླ༩བའི་ཚེས༢༤ཉིན
རྩོམ་ཁུངས། མེ་རིའི་པོད་ཁུག