ཁྱོད་འཚོལ་སྟངས་ནི།
ལག་པ་བསྲིང་ནས་སྙོབ་སྙོབ་ཇི་ལྟར་བྱས་ནའང་།
ཁྱོད་ནི་ཐོགས་རེག་བྲལ་བའི་མཚོན་མདངས་ཤིག་རེད།
འཇའ་མཚོན་ལྟ་བུའི་ཕྱི་རྫིག་ནང་སྟོང་གི་ཁྱོད་ནི།
ལྕགས་དྲའི་ཨ་ལོང་དུ་ཚུད་པའི་རྩ་ཐང་སྐྱ་བོ་ཞིག
སེམས་པ་འདི་ནང་དུ་སྒོམ་ནས་ཁྱོད་ཕྱོགས་སུ་ཉན་ན།
ཁྱོད་ནི་རླུང་བུས་འཇིགས་བཞིན་པའི་མྱ་ངམ་ཐང་ཞིག་རེད།
དྲོད་མེད་པའི་ཉི་འོད་འོག་གི་གཙང་བོ་བཞིན།
གཡོ་ཆོམ་མེད་ལ། འགྱུར་ཁུག་ཀྱང་འགག་པ་འདྲ།
ཁྱོད་ནི་བྲག་ཅ་གང་ཡང་མེད་པའི་རྫི་གླུ་རྙིང་བ་ཞིག་རེད།
ངས་མིག་རིག་རིག་གིས་ཁྱོད་འཚོལ་བཞིན་ཡོད།
སྦྲ་ནག་གི་དྲོད་ཀྱིས་རུམ་མྱོང་བའི་རྩ་ཐང་ཡ།
ཁྱོད་ཀྱི་བྲང་ཁོག་ན་ལྗན་ལྗིན་གྱི་ཚང་ཁ་བརྒྱག་བཞིན་འདུག
བདག་པོ་མེད་པའི་ཁྱི་ཚོགས་དག་རྒྱང་དུ་བྱེར་བཞིན་འདུག
ཁྱོད་ལ་སུ་ཞིག་གིས་འཇབ་རྒོལ་ཐེབས་སོང་།
འབྲང་གཡག་གིས་སྐྲོད་པར་མ་ནུས་བའི་བཙན་འཛུལ་ཐེབས་སོང་།
ཁྱོད་ནི་ལྐོག་གྱུར་གྱི་གསང་བ་ཞིག་ཏུ་འགྱུར་བཞིན་འདུག
༢༠༡༠.༡༡.༣༠མཚན་མོ།
རྩོམ་ཁུངས། ངེད་དྲ་བ།