རེབ་ཀོང་གསེར་མོ་ལྗོངས།
རེབ་གོང་གསེར་མོ་ལྗོངས
ཁྱོད་ཀྱི་སྒལ་སྟེང་ལ་བརྡབས་པའི་དགེ་ཆོས་ཀྱི་ཕུར་བ་དེའི་ཤུལ་ན
ཚོན་ཁ་སྣ་ཚོགས་ཀྱིས་བསྡེབས་པའི་སྒྱུ་རྩལ་གྱི་མཛེས་རིས་དེ་དག
འབྲུ་དྲུག་སྙེ་མའི་བཀྲག་མདངས་ལ
སེར་མདོག་གི་འབྲས་བཟང་བསྣམས་ནས་བཏེགས་ཡོད་ཨང
དོ་ནུབ བདག་གིས་རིག་པའི་དཔའ་བོའི་མཛད་རྣམ་དག་དྲན་ཞོར
རིག་འབྱུང་གྲོང་ཁྱེར་ཁྱོད་ཀྱི་བྲང་ཁོག་ན
རིགས་ལམ་སྣ་ཚོགས་ཀྱི་རྩ་ཐིག་འབྲངས་ནས
ཁྱོད་ཀྱི་སྙིང་ཁོངས་ནས་གས་པའི་གསེར་ཀྱི་བུམ་པ་དེ་ལ
ཡང་ཡང་སེམས་པ་གླན་གྱིན་ཡོད
ད་ལྟ ལྷ་སྐུ་བྲིན་པའི་ཁྱོད་ཀྱི་ངོ་གདོང་ན
བདག་གིས་དགེ་ཆོས་གཅིག་པུ་དྲན་གྱིན་ཡོད་ལ
དགེ་ཆོས་གཅིག་པུ་གླེང་གིན་ཡོད
ཁྱོད་ཀྱི་མནོ་བསམ་ལ་འཐིམས་པའི་བྲག་ཅ་དེའང
ཁོ་བོས་དགེ་ཆོས་གཅིག་པུ་རེད་འདོད
རེབ་གོང་གསེར་མོ་ལྗོངས
ཁྱེད་ནི་གསེར་མདོག་གི་གདན་སྟེང་གི་རྒྱལ་སྲས་དེ་ཡིན་ཆོག
ཁྱེད་ནི་མཚར་སྡུག་གི་སྒྱུ་རྩལ་གྱི་སྣང་བརྙན་དེ་ཡིན་ཆོག
ཁྱེད་ནི་ཚེ་སྲོག་ལ་ལ་འཇུས་བའི་ལྗང་མྱུག་དེའང་ཡིན་ཆོག
རེབ་གོང་གསེར་མོ་ལྗོངས
ཁྱོད་ཀྱི་ཡབ་མེས་ཀྱི་མཛད་པ་ལྟེམས་མེར་འཁྱིལ་བའི་ལུང་གཞུངས་དེ་ན
རྐང་རྗེས་ལས་འབུས་བའི་མྱུ་གུ་དེ་དག
ནག་ནོག་མཁའ་དབུགས་ཧུབ་ཀྱིས་རྔུབ་ནས
ཁྱེད་ཀྱི་པང་ལ་མགོ་བོ་བསྙེས་བར་ལོག་གིན་འདུག
རེབ་གོང་གསེར་མོ་ལྗོངས
ཁྱེད་ནི་རིག་འབྱུང་གྲོང་ཁྱེར་དུ་འབོད་པའི་ཐང་ཀ་ཞིག
ཁྱེད་ནི་ཤ་ཁྲག་ལས་བརྡར་གྱིན་པའི་རྣོ་གྲི་ཞིག
༢༠༡༡ ༠༣ ༡༢ ཉིན་ཉལ་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།