ཆང་ཁང་ནང་གི་བོད་མོ།
མོག་མོག་གི་གློག་སྒྲོན
སྨུག་པ་བཞིན་འཕྱུར་བའི་ཆང་དྲི
རང་གི་ཁྲག་ཐིགས་ལས་གྱེས་པའི་སྐད་ཆ
གྲུ་ག་གཞན་ཞིག་ནས་འབུར་འོང
སྒོར་མོས་འཚོ་བ་རོལ་བཞིན་ཡོད
ཁྱོད་ཀྱིས་ཀྱང་འཚོ་བ་རོལ་བཞིན་ཡོད
སྒོར་མོས་སྒོར་མོ་ལ་ཁྲེལ་མེད་བྱ་མི་སྲིད
ཁྱོད་ཀྱིས་ཀྱང་རང་ཉིད་ལ་ཁྲེལ་མེད་གཏན་ནས་བྱ་མི་སྲིད
ཁྱོད་ཀྱི་མིག་ཟུང་དེས
ངའི་མིག་ཟུང་ལ་མཆི་མ་སློང་གིན་འདུག
ཁྱོད་ཀྱི་དགོད་སྒྲ་དེ
ངའི་སེམས་པའང་ཆང་ཁང་གི་སྦུབས་སུ་ལྷུང་གིན་འདུག
མག་མོག་གི་ཆང་ཁང་ནས
ཆང་དམ་བཟི་འདུག
དོ་ནུབ
དཀོན་མཆོག་གི་མཆོད་ཀོང་ལས་འཁྲུངས་པའི
བོད་མོ་ཁྱོད་ཀྱང་བཟི་འདུག་གམ
༡༡ལོའི་ཟླ་༣པའི་ཚེས་༡༣ཉིན་ལན་གྲུར།
རྩོམ་ཁུངས། ངེད་དྲ་བ།