རང་གསུམ་སྤུན་ཟླ།
སྙན་ངག་གི་གཞིས་ཁྱིམ་ཞིག་ནས།
ཕུགས་འདུན་དང་ལྟ་བ་གཅིག་པའི་རང་གསུམ་སྤུན་ཟླ།
ཉིན་བཟང་སྐར་བཟང་གི་ཉིན་མོ་ཞིག་ནས།
འུ་ཅག་ཐུན་མོངས་ལ་དབང་བའི་མིང་དེ་ཐོབ།
དུས་དེ་ནས། ང་ཚོ་རང་ལ་དབང་ཞིང༌།
རྩོམ་གཞིས་ཀྱི་སྒོ་གླེགས་འབྱེད་པའི་ངེས་ཤེས་ཤིག་གིས།
རང་ཅག་ལ་དབང་བའི་དམ་བཅའ་དེ་མི་གཏོང་བའི་སྙིང་སྟོབས་ཤིག་མཆེད།
མདོ་རང་རིག
གནའ་དེང་རིག་གཞུང་མང་བོ་ཞིག་ལ།
ཧམ་སེམས་ཀྱི་འགྲམ་ཆུ་མིད་ཀྱིན་པའི་ཁྱོད།
བརྩོན་སེམས་ཀྱི་རྟ་ཕོ་ཞིག་ལ།
ཤེས་རབ་ཀྱིས་རམ་འདེགས་ཞུ་འོག
མང་བོ་ཞིག་གི་མཐའ་ནས་འགྲེང་ཞིང༌།
མང་བོ་ཞིག་གདོང་གིས་བསུ་བ་ནི།
ཁྱོད་ལ་ཐོག་མ་ནས་མངའ་བའི་ཆོད་སེམས་གཅིག་པུ་ཡིན།
དེའི་ཕྱིར།
ཁྱོད་ཀྱི་ཆོད་སེམས་བརྟན་པོ་དེའི་ཐུ་འོག་ནས།
དྲང་བདེན་དང་གནས་ལུགས་ཀྱི་རྒུམ་བུ་འཐུ་བཞིན་ཡོད་ཨང༌།
ལྷོ་རང་གསལ།
ཁྱད་འཕགས་ཀྱི་ལག་ཟུང་དུ།
མྱུ་གུ་ཤོག་གུ་ཐོགས་པ་ནས།
སྐྱུར་ལ་ཁ་བའི་ཚོར་འདུ་མང་བོ་ཞིག
རྣམ་དཔྱོད་ཀྱི་བྲང་ཁོག་བརྒྱུད་ནས།
འཇིག་རྟེན་འདིའི་ཕང་བ་རུ་བབས་དུས།
ཁྱོད་ནི་ ཅི་འདྲའི་དྲང་བདེན་ལ་དུངས་མཁན་ཞིག་རེད།
དེའི་ཕྱིར།
ཁྱོད་ཀྱི་མི་ཚེའི་འཚོ་བའི་འགྲུལ་བཞུད་ཁྲོད་ན།
རྟག་བརྟན་གྱི་ཐ་སྙད་མང་བོ་ཞིག
མུ་ཏིག་གི་བསྟར་ཕྲེང་བཞིན་སྦྲེལ་དུས།
དེ་དག་ནི་ཡིད་འོང་གི་འཇོན་ནུས་ཁོ་ནར་བརྩིས་ན་ཅིས་མི་ཆོག
གསའ་རང་འབར།
ཁེར་རྐྱང་དུ་ འཚོ་བའི་གྲུ་ཟུར་རེ་རེར་བགྲོད་དུས།
ཅི་ཞིག་འཚོལ་གྱིན་པར་ལག་རྡུམ་དུ་ཡོད་ནའང༌།
སྤུན་ཟླ་དག་གིས་བྱམས་སྐྱོང་འོག
སེམས་ཕུགས་དམ་བཅའ་ཡིས་གང་ཡོད།
དེའི་ཕྱིར།
ངས་ ཁོང་ཚོའི་བཀའ་དྲིན་ཕྱིར་དྲན་བྱེད་ཀྱིན།
མདུན་བསྐྱོད་གོམ་ཁ་དལ་གྱིན་མེད་ལ།
ཆོད་སེམས་ཀྱི་དམིགས་འདུན་ནམ་ཡང་གཏོང་མི་སྲིད་དོ།།
གང་ལྟར། ང་ཚོ་ནི་ང་ཚོ་སྟེ།
རྣོ་མྱུར་གྱི་སྨྱུ་གུ་འཆིང་བའི་སློང་མོ་བ་ཁྱུ་ཞིག
དྲང་བདེན་གྱི་ལམ་བུ་འཚོལ་བའི་ཡུལ་གྱར་བ་དཔུང་ཞིག
ཤེས་རིག་གི་ཞིམ་མངར་མྱང་གིན་པའི་གཡུ་སྦྲང་གི་ཚོགས་ཤིག
ད་དུང་དེས་ཀྱང་སེམས་སྤྲོ་བ་ཞིག་ལ།
མཐུན་སྒྲིལ་གྱིས་དམ་དུ་སྦྲེལ་བའི་སྤུན་ཟླ་ཁག་ཅིག
ང་ཚོའི་ས་སྙིང་ཁོང་དུ་ལྷོག་ལྷོག་ཏུ་འཕྱུར་གྱིན་པ་ནི།
གངས་་རིའི་ལང་ཚོ་མ་ཉམ་པའི་ཟུངས་ཁྲག་གི་བཞུར་རྒྱུན།
ང་ཚོའི་ངག་ན་འཕྱོ་བའི་ངག་གཏམ་གྱི་སྒོ་མོ་ནི།
གངས་རིའི་བླ་སྲོག་མ་ཉམ་པའི་ཕ་སྐད་གཙང་མ།
ང་ཚོའི་ལུས་ཕུང་ན་སྤྲས་པའི་འཕྱོར་སྤྲས་དག་ནི།
གངས་རིའི་གཟི་འོད་མ་ཉམ་པའི་ལུགས་སྲོལ་བཟང་བོ།
ད་དུང་་་་་་་་
མདོར་ན་འདི་དག་ནི་ང་ཚོའི་ཁྱད་ཆོས་ཁོ་ན་ཡིན་ལ།
ཁྱད་ཆོས་དེའི་ཚེ་སྲོག་སྐྱོང་གིན།
ང་ཚོ་ནམ་ཡང་མདུན་དུ་བསྐྱོད་དགོས།
རྩོམ་ཁུངས། ངེད་དྲ་བ།