ཕུགས་ཐུང་བདེ་བས་རང་རིགས་བརྗེད།
ལྔ་ཆེན་སྙིགས་མ་སྲིན་པོའི་རྔ་བོ་ལ།།
ཕྱི་མཛེས་ཆོ་འཕྲུལ་སྒྱུ་མའི་དབྱུག་པ་ཡིས།།
ཡང་ཡང་རྡུང་སྟེ་སྟོང་གསུམ་གྲགས་པའི་དུས།།
ཞི་དུལ་ནང་བཙུན་དགེ་སློང་རྣམས་ལ་འདུད།།
མི་འདོད་ནན་གྱིས་མི་སྦྱིན་སྟོན་པའི་ཁྲིམས།།
སྲུང་དང་མི་སྲུང་རང་ལ་དབང་མོད་ཀྱང་།།
བཙུན་གཟུགས་མ་ཡལ་ཁྱིམ་པའི་བརྟུལ་ཞུགས་ལས།།
དགེ་བོའི་གྲལ་ནས་རང་ཁྱིམ་བསྐྱངས་ན་ལེགས།།
ཚུལ་ཆོས་རིག་སྟོང་བཙུན་པ་འཁྱམས་པོ་འགས།།
འབྱོར་ལྡན་ཙི་ནའི་བུ་མོ་ཆགས་ཅན་ལ།།
ངག་གི་གོ་བརྡ་ལག་པས་སྟོན་ཞོར་དུ།།
མཚན་གྱི་ཁྱོ་ག་ཉིན་གྱི་མཆོད་ལོ་བྱས།།
ཕྱི་ཡི་ངང་ཚུལ་སྟོན་པའི་རྗེས་འཇུག་ཅན།།
ཆོས་དང་ཆོས་བའི་བར་ན་སྟོང་སང་ཡང་།།
གཟུགས་ཁྲིམས་བསྡམས་པའི་ལུས་ཀྱི་རས་གཞི་འདི།།
བསྟན་དང་རང་གི་རིགས་ལ་བསམ་གཞིགས་མཛོད།།
རང་གི་རིགས་ལ་ཞེན་པའི་ལྷག་སེམས་ཀྱིས།།
གང་མཐོང་བརྗོད་པའི་ཚིག་གི་མདའ་མོ་འདི།།
ཕྱི་བཙུན་ནང་སྟོང་རིགས་ལ་འཕངས་བ་ལས།།
ཞི་དུལ་ནང་བཙུན་རིགས་ལ་འཕངས་པ་མིན།།
རྩོམ་ཁུངས། ངེད་དྲ་བ།