མི།
རྙོག་འཛིང་གི་གློག་ལམ་ལས་གྲུབ་པ་མིན་ལ་
རིན་ཆེན་གྱི་གསེར་དངུལ་ལས་བྱས་པའང་མིན་
བྲག་སྲིན་སྒྲོལ་མའི་རིགས་རྒྱུད་ཡིན་པར་བཤད་ལ་
ལྷ་མོ་ཉི་ཝས་འཇིམ་ལས་བཟོས་པར་ཡང་གྲགས
གང་ལྟར་
ཐམས་ཅད་ཀྱིས་བདེ་སྐྱིད་འདོད་ལ་
རེ་རེ་ཡིས་རེ་རེ་བསམས་པས་
རེ་རེ་ལ་རེ་རེ་ཡི་ལྟ་བ་གྲུབ
མི་
ང་རྒྱལ་གྱིས་གནམ་སྔོན་པོ་ཡར་འགྱོགས་ལ་
ཕྲག་དོག་གིས་ས་དོག་མོ་མར་གནོན་ཡང་སྲིད་
ཡུལ་ཁམས་འདིའི་རི་རབ་ཡོད་ཚད་ཕྲག་ཏུ་ཁུར་ཞིང་
སྤང་ལྗོངས་འདིའི་གཙང་བོ་ཐམས་ཅད་ཧུབ་ཀྱིས་འཐུང
གོ་ལ་འདིའི་སྟེང་
གཏན་ཚིགས་ཀྱིས་ར་བ་བསྐྲུན་ཡོད་ལ
སྙན་ངག་གིས་ཕོ་བྲང་བཞེངས་ཡོད
ཚན་རིག་གིས་ལྐོག་གྱུར་སྔོག་ཡོད་ལ
མངོན་བརྗོད་ཀྱིས་རྒྱ་མཚོ་འང་དྲངས་ཡོད་
ད་དུང་ཧ་ཅང་མང་བོ་མང་བོ་ཞིག་་་་་་་་་་་་་་་་་
མི་
འདོད་ཆགས་དང་ཞེ་སྡང་གོང་བུར་གྲུབ་པ་ཡིན་སྲིད་ལ་
ཁམས་དཀར་དང་ཁམས་དམར་སྡེབ་པ་ཡིན་ཡང་སྲིད
རྩོམ་ཁུངས། ངེད་དྲ་བ།