བུ་མོའི་རེ་སྨོན།
དགུང་ཨ་སྔོན་དབྱིངས་ཀྱི་བང་རིམ་ན། །
སྤྲིན་དཀར་པོའི་ན་བཟའ་གཡས་སུ་འཁྱིལ། །
དུང་ཟླ་བ་མཛེས་པའི་རྒྱན་ཆ་རེད། །
ང་བུ་མོའི་ལྷག་བསམ་དེ་ནས་བསྐྱེད། །
ཡིད་ཀུན་དགའ་སྐྱེད་ཚལ་དོ་ར་ན། །
མཛེས་མེ་ཏོག་ཞལ་རས་འཛུམ་བརྒྱ་གྲོལ། །
གཡུ་སྦྲང་མ་སྐྱིད་པའི་རྟེན་འབྲེལ་རེད། །
ང་བུ་མོའི་མཛེས་སྡུག་དེ་ནས་བསྐྱེད། །
ཆོས་ཀུན་རིག་གསུངས་པའི་དགོན་སྡེ་ན། །
གསེར་སེར་པོའི་མཆོད་མེ་ལམ་ལམ་འཚེར། །
ཚེ་བསོད་ནམས་འཕེལ་བའི་སྔ་ལྟོས་རེད ། །
ང་བུ་མོའི་སྨོན་འདུན་དེ་ནས་བསྐྱེད། །
ནགས་རྒྱ་རྫོང་ཡག་གི་རྩེ་མོ་ན། །
བྱ་ཁུ་བྱུག་གསུང་སྐད་སྙན་ལྷང་ལྷང་། །
སེམས་དགའ་སྤྲོ་འཕེལ་བའི་སྔོན་བརྡ་རེད། །
ང་བུ་མོའི་གླུ་སྒོ་དེ་ནས་བསྐྱེད། །
རྩོམ་ཁུངས། ངེད་དྲ་བ།