དེ་དང་ཁྱོད་ལ་འབྲེལ་བ་ཅི་ཞིག་ཡོད།(ཞར་བཀོད་གཅིག་ཡོད)
གྲོགས་པོ་རེ་རེ་ཡིས། དམ་བུ་རེ་བཟུང་ནས།
བརྩེ་བ་ཨ་རག་གིས་མཆོད་དམ་བདེ་སྣང་ཝུ་བ་ལས་དགོང་དུ་གཏོར་དུས།
ཁྱོད་ཁོ་ནས། བིམ་པ་འདྲ་བའི་བུ་མོ་ཞིག་གི་འགྲམ་པ་བསྐྱོར་ནས།
ཨ་རག་དང་འབྲེལ་བ་མེད་པའི་གཏན་ཚིགས་བཟུང་ཤིང༌།
ཨ་རག་དང་འབྲེལ་བ་མེད་པའི་གཏམ་རྒྱུད་གང་མང་ཞིག་གིས་
ཁོ་མོའི་སེམས་པ་གསོས་སམ།
ཁོ་མོ་ཞེ་ནས་ཨ་རག་སྡང་སྟེ། དགའ་རོགས་སྔ་མ་དེ་ཡང་
ཨ་རག་གིས་བཟི་རྗེས། ཁ་གཡར་ས་གཞན་ཞིག་བཙལ་ནས།
ཁོ་མོར་རྡུང་མྱོང་ཤིང༌། ཁོ་མོ་བཞག་པའི་རྒྱུ་མཚན་གྱིས་
ཁོ་མོས་ཨ་རག་གི་བཟོ་གྲྭ་གང་མང་ཞིག་མེ་ལ་བསྒྲོན་འཆར་ཡང་ཡང་བཟོས་ན་ཡང༌།
རློམས་པ་མེད་པའི་དགའ་རོགས་དེ་དང༌། བདེན་ཚིགས་མེད་པའི་འཁོར་བ་འདི་
བསམ་ནས།
རང་གི་བསམ་བློར་བསྐྱར་དུ་འགྱུར་བ་མང་དུ་བཏང་མྱོང་སྐད།
མེ་ཏོག་མ་རྙིང་བའི་བུ་མོ་དེ་དང་ཁྱོད་ལ་འབྲེལ་བ་ཅི་ཞིག་ཡོད་ཨང༌།
ག་ལེར། ཁོ་མོས་ཁྱོད་རང་རྨི་ལམ་དུ་རྨིས་ཤིང་རྩེ་རྡོ་རུ་བསྒྲིགས་རྗེས།
མེ་ཏོག་གི་ཞྭ་མོ་ཞིག་ཁྱོད་ལ་བཟོས་ཤིང་ཁྱོད་ཀྱི་མགོ་ལ་བཀོན་ཏེ།
མེ་ཏོག་གིས་བསྒུལ་བའི་རྨི་ལམ་མང་པོ་ཞིག་ད་དུང་རྨི་བར་རེ་སྒུག་རུམ་ནས།
སྔར་གྱི་འཆར་གཞི་དེ་ག་ལེར་བརྗེད་ཅིང༌། འཚོ་བ་གསར་བ་ཞིག་གི་དབུ་ཁྱུད་བྲིས་པ་མ་ཡིན་ནམ།
ཁོ་མོའི་རྨི་ལམ་བསྒུལ་བའི་ཁྱོད་རང་ཨང༌།
2011-1-15མཚན་མོ།
༼ཁ་བ་དེ་ག་ལེར་ཞུ་སོང་། མར་མེ་ཞིག་ཀྱང་ག་ལེར་གཟིམས་སོང༽
ང་རང་ཁ་བར་ཧ་ཅང་དགའ་མྱོང་སྟེ།
ངས་ཁ་བ་ལེབ་མོ་རེ་རེ་བཞིན་ལྕེ་ཡིས་བརྡེགས་ཤིང་ཁ་བར་སེམས་པ་གླན་པར་སྤྲོ།
ཡིན་ཡང་བརྩེ་བ་སྦྲུམ་པའི་ཁ་བ་ཞིག་ད་དུང་བདག་ལ་རེག་མ་བྱུང༌།
ང་རང་ཁ་བར་ཧ་ཅང་སྡང་མྱོང་སྟེ།
ངས་ཁ་བ་ལེབ་མོ་རེ་རེ་བཞིན་རྡོག་གིས་བརྫུས་ཤིང་ཁ་བར་
གཅིན་པ་གཏོང་བར་སྤོབས།
ཡིན་ཡང་གདུག་རྩུབ་འཆང་པའི་ཁ་བ་ཞིག་ད་དུང་བདག་ལ་འཕྲད་མ་བྱུང༌།
མི་གཤིས་དང་ས་གཤིས་རིམ་གྱིས་འགྲིབ་པ་ན།
མི་ཡི་གཡང་ཉམས་ཤིང༌། འཚོ་གནས་བཅུད་ཉམས་དུས།
ཁ་བ་དག་ཀྱང་གདུག་རྩུབ་ཀྱིས་འབབ་པ་ཚོར་འོང༌།
དེ་རིང་ཡང་ཅི་མི་སྙོམས་པའི་ཁ་བ་ཞིག ག་ལེར་
བདག་གི་མགོ་ཐོག་ཏུ་བབས་རྗེས།
སེམས་པ་མེད་པའི་ཁ་བ་དེས་ང་རང་རློན་པ་ཆུ་ར་བསྒྱུར།
ཡིན་ཡང༌། ངས་ཁ་བ་དེར་ལེས་བདའ་གང་ཡང་མ་བྱས།
ཁ་བ་དེ་ཡང༌། རྩོམ་པ་པོ་ནང་བཞིན་གངས་ལྗོངས་དང་བྲལ་བར་མ་ནུས་སོ།
ཁ་བ་དེ་ཡང༌། རྩོམ་པ་པོ་ནང་བཞིན་གཞན་དབང་གིས་ས་ལ་ལྷུང་གིན་འདུག
དེ་རིང་ཡང༌། ང་ཚོ་དང་ལས་དབང་གཅིག་པའི་ཁ་བ་ལེབ་མོ་རེ་འགའ།
ཁུ་སིམ་མེར་ས་ལ་ལྷུང་ནས། དལ་ཅག་གེར་ཕྱིར་ལ་བུད་སོང༌།
བསྡད་ཀྱིན་བསྡད་ཀྱིན། རང་ཡང་ཁ་བ་ཞིག་ཏུ་འགྱུར་བར་དོགས་པ་ཟོས།
ཁ་བ་ད་དུང་འབབ་ཀྱིན་འདུག ཁ་བ་དག་
ག་ལེར་ཞུ་རྗེས་མར་མེ་དག་ཀྱང་ག་ལེར་གཟིམ་སོང༌།
ཡིན་ཡང་ང་གཅིག་པུའི་གཉིད་དེ་གང་དུ་བྲོས་སོང་ངམ།
2011-1-15མཚན་མོ།
རྩོམ་ཁུངས། ངེད་དྲ་བ།